Wikipedia
bowiki
https://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D
MediaWiki 1.39.0-wmf.23
first-letter
Media
Special
Talk
User
User talk
Wikipedia
Wikipedia talk
File
File talk
MediaWiki
MediaWiki talk
Template
Template talk
Help
Help talk
Category
Category talk
TimedText
TimedText talk
Module
Module talk
Gadget
Gadget talk
Gadget definition
Gadget definition talk
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
0
18533
140510
139906
2022-08-09T20:28:13Z
157.50.39.176
/* བརྩམས་ཆོས་དཀར་ཆག */
wikitext
text/x-wiki
<small><code>བདུད་འཇོམས་ཆོས་འབྱུང་ལས་དྲངས་ཤིང་ས་བཅད་དང་ལོ་ཚིགས་མཁན་པོ་ཨོ་རྒྱན་རིག་འཛིན་གྱིས་བསྒྲིགས། ༢༠༢༡། ༦། ༩།</code></small> [[File:MiphamNew.jpg|thumbnail|འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།རྩོམ་སྒྲིག་བྱེད་བཞིན་པ།]]
སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ནི། ཡབ་ལྷ་རིགས་འཇུ་མགོན་པོ་དར་རྒྱས་དང་། ཡུམ་སྨུག་པོ་གདོང་བཟའ་སྲིང་ཆུང་མའི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་རྟ་ལོར (1846–1912) ། མདོ་ཁམས་ཀླུང་དལ་འབབ་ཀྱི་འགྲམ་ཡ་ཆུའི་དིང་ཆུང་དུ་གྲགས་པའི་སར་སྐུ་བལྟམས། ཉིད་ཀྱི་ཁུ་བོ་དབོན་བླ་མ་པདྨ་དར་རྒྱས་ཀྱིས་མི་ཕམ་རྒྱ་མཚོ་ཞེས་པའི་མཚན་གྱི་ཅོད་པན་གསོལ།
== སྐུ་ཆུང་ངུའི་དུས། ==
སྐུ་ཆུང་ངུའི་དུས་ནས་དད་པ་དང་ངེས་འབྱུང་ཤེས་རབ་སྙིང་རྗེ་སོགས་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཐམས་ཅད་ལྷན་སྐྱེས་སུ་མངའ། དགུང་གྲངས་དྲུག་བདུན་ནས་སྡོམ་གསུམ་རྣམ་ངེས་ཐུགས་འཛིན་མཛད་ཅིང་རྩིས་དཀར་ནག་གི་སྔོན་འགྲོ་སོགས་གསན། བཅུ་སྐོར་ནས་འབྲི་ཀློག་ལ་ཐོགས་པ་མེད་པས་ལྗགས་རྩོམ་ཀྱང་ཅི་རིགས་གནང་། བཅུ་གཉིས་པའི་ཐོག་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཆོས་བརྒྱུད་ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དགོན་ལག་འཇུ་མ་ཧོར་གསང་སྔགས་ཆོས་གླིང་དུ་གྲྭ་བཙུན་དཀྱུས་མའི་ཚུལ་དུ་བཞུགས་པས་སྐབས་དེར་བཙུན་ཆུང་མཁས་པ་ཞེས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར། བཅོ་ལྔ་པར་དབྱངས་འཆར་གྱི་དཔེ་རྙིང་ཞིག་ལ་ཞག་ཤས་གཟིགས་ཏེ་འཇམ་དཔལ་ལ་གསོལ་བ་བཏབ་པས་མ་ལུས་པར་མཁྱེན།འཇུ་ཉུང་རི་ཁྲོད་དུ་ཟླ་བ་བཅོ་བརྒྱད་རིང་འཇམ་དཔལ་སྨྲ་སེང་བསྒྲུབས་ཤིང་རིལ་བུའི་ལས་སྦྱོར་མཛད་པས་རྟགས་མཚན་ཁྱད་པར་ཅན་བརྙེས་ཏེ། དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་གང་གཟིགས་ལ་མི་མཁྱེན་པ་མ་བྱུང་བས་བཤད་ལུང་ཙམ་ལས་སློབ་གཉེར་བསླབ་སྦྱང་མ་མྱོང་གསུངས།
== དབུས་སུ་གནས་སྐོར་ལ་ཕེབས་པ། ==
(དགུང་ལོ་)བཅུ་བདུན་སྐབས་ཉག་རོང་སྡེ་གཟར་གྱིས་འབྲོག་སྡེ་མཐའ་དག་མགོ་ལོག་ཏུ་གནས་སྤོས་པས་རྗེ་ཉིད་ཀྱང་དེར་བྱོན། དུས་འདི་ཙམ་ནས་ས་རིས་ལ་ཤིན་ཏུ་མཁས་པར་གྲགས། བཅོ་བརྒྱད་པར་སྐུ་ཞང་འགྱུར་བཟང་དང་ལྷན་དུ་བོད་དབུས་ཕྱོགས་སུ་གནས་སྐོར་ལ་བྱོན་ཅིང་། སྐབས་དེར་དགའ་ལྡན་དུ་ཟླ་བ་གཅིག་ཙམ་གྲྭ་སར་བཞུགས། དེ་ནས་ལྷོ་གནས་རྒྱས་པར་བྱོན་པའི་ལམ་ཞོར་ལྷོ་བྲག་མཁར་ཆུར་ཕེབས་པའི་ཚེ་ཐ་མལ་གྱི་སྣང་བ་གནས་འགྱུར་ཏེ་གང་སྣང་བདེ་སྟོང་དུ་ཤར་ནས་བདེ་དྲོད་ཀྱི་ཉམས་འབར་བ་ཞག་ཤས་བར་བྱུང་བ་ནི་གནས་དེའི་བྱིན་རླབས་འདྲ་གསུངས། བྱང་ལམ་དུ་ཀུན་གཟིགས་དབྱངས་འཆར་ཆེན་མོ་ཤེལ་གྱི་མེ་ལོང་ཞེས་པའི་གླེགས་བམ་ཕྱག་ཏུ་འབྱོར་བའི་དག་སྣང་བྱུང་ཚུལ་གཞུང་དེའི་གཤམ་དུ་གསལ།
== ཕ་ཡུལ་དུ་ཕྱིར་ཕེབས་ཏེ་གསན་བསམ་མཛད་པ། ==
ཕྱིར་ཕེབས་ཏེ་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་ (1832–1888) མདུན་ནས་མ་ཏིའི་འཇམ་དཀར་གྱི་རྗེས་གནང་གསན་པས་དབང་གནང་དུས་དང་རྗེས་སུ་མཀྵའི་ལས་སྦྱོར་གནང་སྐབས་གཉིས་ཀར་གཞུང་ནས་བཤད་པ་ལྟར་གྱི་གྲུབ་པའི་རྟགས་མཚན་མངོན་དུ་གྱུར་པས་མཁྱེན་རབ་ཀྱི་པདྨ་བཞད།
དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ (1808–1887) ལས་ཞག་ལྔའི་ཁོངས་སུ་སྤྱོད་འཇུག་ཤེས་རབ་ལེའུ་གསན་པས་ཚིག་དོན་གྱི་ཆ་མཐའ་དག་དཔྱིས་ཕྱིན་པར་ཐུགས་སུ་ཆུད་ཅིང་ཕྱིས་ཤེར་ཊཱིཀ་སོགས་ཀྱང་མཛད།
ཁྱད་པར་ཚེ་རབས་ལས་ཀྱིས་འབྲེལ་བའི་རིགས་བདག་པདྨ་འོད་གསལ་མདོ་སྔགས་གླིང་པའམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ (1820–1892) ཞབས་པད་མཉེས་པ་གསུམ་གྱིས་བསྙེན་པས། ནང་ཐུགས་ཀྱི་སྲས་གཅིག་པུར་དགོངས་ཏེ་ཐོག་མར་མ་ཏིའི་འཇམ་དཀར་གྱི་རྗེས་སུ་གནང་བས་ཆོས་སྒོ་ཕྱེས་པ་ནས་བཟུང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་གི་སྒོ་དུ་མ་དང་། ཉེ་བརྒྱུད་དུ་བྱོན་པའི་མདོ་སྔགས་ཀྱི་གཞུང་ཁྱད་དུ་འཕགས་པའི་རིགས། གསང་ཆེན་རྡོ་རྗེ་ཐེག་པ་བཀའ་གཏེར་དག་སྣང་ཇི་སྙེད་པའི་སྨིན་གྲོལ་རྒྱབ་བརྟེན་མན་ངག་ཕྱག་བཞེས་དམར་ཁྲིད་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྩལ།
གཞན་ཡང་སྔ་རྗེས་ཅི་རིགས་པར་འཇམ་མགོན་བློ་གྲོས་མཐའ་ཡས་ (1813–1899) ལས་སྒྲ་ཙནྡྲ་པ་དང་། དངུལ་ཆུ་བཙོ་བཀྲུའི་ལག་ལེན་སོགས་ཐུན་མོང་རིག་གནས་དང་། འཇམ་དཔལ་ཚེ་བདག་ལྕགས་འདྲ་ལྕགས་སྡིག་སོགས་ཐུན་མོང་མ་ཡིན་པའི་སྨིན་གྲོལ་རིགས(ཞུས)།
རྫོགས་ཆེན་མཁན་པདྨ་བཛྲ་(གཤེགས་ལོ་.1884)སོགས་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་རིག་གནས་དང་བཅས་པའི་སྐོར་མཐའ་ཡས་པ་གསན་པར་མཛད།
གཞན་ཡང་དགེ་བའི་བཤེས་གཉེན་འཇུ་དབོན་འཇིགས་མེད་རྡོ་རྗེ་(དཀོན་མཆོག་ཆོས་འཕེལ།?19)ལས་མདོ་སྡུད་པའི་རྩ་བའི་ལུང་དང་། འབུམ་གསར་དགེ་བཤེས་ངག་དབང་འབྱུང་གནས་ལས་དབུ་མ་འཇུག་པ། གསོལ་དཔོན་པདྨ་ལས་བྱམས་ཆོས་བྱང་ས་སོགས་གཞུང་སྤེལ་མའི་བཤད་ལུང་གི་རྒྱུན་ཙམ་གསན།
== གསན་བསམ་མཐར་ཕྱིན་ཏེ་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བ། ==
དེ་ཡང་གསན་པ་ཙམ་དུ་མ་བཞག་པར་ཐུགས་ཉམས་སུ་ལེགས་པར་བཞེས། རྒྱུ་སྐུ་ཚེ་དཔག་ཏུ་མེད་པ་ནས་ལེགས་པར་སྦྱངས་ཤིང་གོམས་པའི་དཀར་པོའི་རིགས་ཀྱི་ནུས་པ་ཉིད། རྐྱེན་བླ་མའི་ཐུགས་རྗེ་དང་དགོངས་པའི་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ཡོངས་སུ་སད་པས། བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ཟབ་པ་དང་རྒྱ་ཆེ་བའི་ཚུལ་མཐའ་དག་རྟོན་པ་བཞི་དང་མི་འགལ་བར་སོ་སོ་ཡང་དག་པར་རིག་པ་བཞིའི་ཚུལ་གྱིས་ཐུགས་སུ་ཆུད་དེ། རང་བྱུང་ཡེ་ཤེས་ཀྱི་སྣང་བ་མཁའ་དང་མཉམ་པ་ལ་དབང་འབྱོར་བས་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བ་ཡིན་ཏེ།
དགེ་བའི་བཤེས་གཉེན་འཇུ་དབོན་འཇིགས་མེད་རྡོ་རྗེ་ལས་མདོ་སྡུད་པའི་རྩ་བའི་ལུང་ཙམ་ཞིག་གསན་ནས། དེ་འཕྲལ་ཕར་ལ་ཟླ་བ་གཅིག་བཤད་པ་མཛད་པ་དང་། འབུམ་གསར་དགེ་བཤེས་ངག་དབང་འབྱུང་གནས་ལས་དབུ་མ་འཇུག་པ་གསན་དུས་བཤད་ལུང་ཙམ་ལས་འོ་བརྒྱལ་གནང་མི་དགོས་ཚུལ་ཞུས་པར། བཤད་ལུང་གནང་དང་འཕྲལ་དེ་ཉིན་ནས་རྒྱུགས་ཕུལ་གསུངས་པས། འཇུག་པའི་མགོ་ནས་མར་བཤད་པ་མཛད་པས། དགེ་བཤེས་ཀྱིས་ཕྲན་ནི་དགེ་བཤེས་ཀྱི་མིང་ཐོབ་ནའང་འདིའི་བློ་གྲོས་ཀྱི་ཆ་ཤས་ཙམ་ཡང་མ་མཆིས་སོ་ཞེས་འཁོར་གྱིས་དབུས་སུ་བསྔགས་པ་མཛད། དཔོན་སློབ་བློ་གཏེར་དབང་པོའི་མདུན་ནས་ཚད་མ་རིག་གཏེར་དང་།
གསོལ་དཔོན་པདྨ་ལས་བྱམས་ཆོས་བྱང་ས་སོགས་གཞུང་སྤེལ་མའི་བཤད་ལུང་གི་རྒྱུན་ཙམ་གསན་ནས། དེ་འཕྲལ་ཕར་ལ་བཤད་པ་རྒྱས་པར་གནང་བས་མཚོན་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་དོན་མཐའ་དག་ཐུགས་ལས་རང་བརྡོལ་གྱི་ཚུལ་དུ་བྱུང་བས། །གཞུང་ལུགས་རབ་འབྱམས་སྨྲ་བ་དུ་མའི་ཚོགས་དབུས་སུ་འཇིགས་མེད་སེང་གེ་ལྟ་བུར་བག་ཡངས་སུ་རྒྱུ་ཞིང་། འཆད་པ་དང་། འབེལ་བ་དང་། གཞུང་འགྲེལ་རྩོམ་པ་སོགས་ལ་ཐོགས་པ་མེད་པ་ནི་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ལ་སུས་ཀྱང་བསྙོན་དུ་མེད། རྗེ་ཉིད་ཀྱི་ཞལ་ནས་ཀྱང་ཕྲན་ཆུང་ངུའི་དུས་སུ་གསར་རྙིང་གི་དགེ་བའི་བཤེས་གཉེན་བཟང་ལ་མང་བ་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་ལྟ་བུ་ཡིན་ཡང་།
རང་ནས་དཔལ་སྤྲུལ་རིན་པོ་ཆེའི་མདུན་ནས་སྤྱོད་འཇུག་ཤེར་ལ་ཙམ་ལས་གཞན་ཆེར་ཐོས་པ་མ་བྱུང་། ཕྱིས་བླ་མ་དང་ལྷག་པའི་ལྷའི་བཀའ་དྲིན་གྱིས་དཀའ་ལས་ཆེར་མ་དགོས་པར་དཔེ་བཀླགས་པ་ཙམ་གྱིས་དེ་དག་གི་དཀའ་གནད་རྣམས་ཁྲོལ་བར་བྱུང་། དེ་ཡང་བསླབ་གཉེར་གསར་པའི་དུས་སུ་གསར་ཕྱོགས་ཀྱི་དཔེ་རྣམས་ཤེས་སླ་བར་བྱུང་ཞིང་སྔ་འགྱུར་གྱི་གཞུང་རྣམས་ནི་གོ་དཀའ་བར་བྱུང་ཡང་། རང་གིས་མི་གོ་བ་མ་གཏོགས་རིག་འཛིན་བརྒྱུད་པའི་གཞུང་ཟབ་མོ་འདི་རྣམས་ལ་དོན་གྱི་གོ་བའི་གནད་ཆེན་པོ་རེ་ཡོད་ངེས་སྙམ་པ་ལས་ཐེ་ཚོམ་ནི་སྐད་ཅིག་ཙམ་ཡང་སྐྱེ་མ་མྱོང་། དེའི་རྟེན་འབྲེལ་གྱིས་རང་གི་ཤེས་རབ་ཡོངས་སུ་སྨིན་པར་གྱུར་ཏེ། ཕྱིས་བལྟས་དུས་ཟབ་གནད་མཐའ་དག་སྔ་འགྱུར་གྱི་བརྒྱུད་པ་རིན་པོ་ཆེ་རྣམས་ནས་བརྒྱུད་པའི་ཆོས་ཚུལ་ཁོ་ན་ལ་ཡོད་པར་མཐོང་ཞིང་ངེས་ཤེས་ལྷག་པར་སྐྱེས་པ་ཡིན།
== རིགས་ཀྱི་བདག་པོའི་བཀས་བསྐུལ་བ་ལྟར་རྩོམ་རིག་གི་སྒོ་མོ་ཕྱེས་པ། ==
སྐབས་དེར་སྐྱབས་མགོན་རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེས་རང་ལུགས་ཀྱི་ཡིག་ཆ་རེའང་གྱིས་ཞེས་བཀའ་ཕེབས་པས། བླ་མའི་བཀའ་སྒྲུབ་པ་དང་རང་གི་བློ་གྲོས་གོམས་ཆེད་རྒྱལ་བསྟན་རིན་པོ་ཆེ་འབའ་ཞིག་སྙིང་ལ་བཅངས་ནས་མདོ་སྐོར་སོགས་ཀྱི་ཡིག་ཆ་རེའང་བྲིས་ཤིང༌། དེ་དག་གི་སྐབས་སུ་རང་ལུགས་ཀྱི་འདོད་པ་རྩལ་དུ་བཏོན་ནས་ཅུང་ཟད་རེ་བཤད་པས་གྲུབ་མཐའ་གཞན་གྱིས་འགོག་བྱེད་ལྟ་བུར་གོ་ནས་ཕྱིས་འདིར་ཕྱོགས་མཐའ་དག་ནས་རྩོད་ཡིག་སོགས་མང་དུ་བྱུང་མོད། དོན་དུ་རང་གི་ཀུན་སློང་ལ་ནི་བླ་མའི་བཀའ་ལུང་སྒྲུབ་པ་དང་། དེང་སང་སྔ་འགྱུར་གྱི་བསྟན་པ་རི་མོའི་མར་མེ་ཙམ་དུ་འགྱུར་ཉེ་ཞིང་། ཕལ་ཆེར་གཞན་ལུགས་ཀྱི་ལད་མོ་བཟློ་བ་ཙམ་ལས་རང་ལུགས་ཀྱི་གྲུབ་མཐའི་གནད་ཅི་ཡིན་ཙམ་ལ་ཡང་རྟོག་པ་ཞུགས་ནས་འདྲི་མཁན་དཀོན་འདུག་པས་ཅུང་ཟད་ཕན་དུ་རེ་ནས་བྲིས་པ་མ་གཏོགས་གཞན་ལུགས་ལ་སྡང་ཞེན་དང་། རང་བསྟོད་ཀྱི་སྙེམས་པ་སོགས་ཀྱི་ཀུན་སློང་ནི་རྨི་ལམ་ཙམ་དུའང་སྐྱེ་མ་མྱོང་བ་ནི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་གཟིགས་ཀྱང་མི་ཁྲེལ་བར་ཡོད་ཅིང་། རྩོད་ལན་སོགས་འབྲི་བ་འདི་དག་ཀྱང་རང་ཉིད་འཕགས་པའི་ཆོས་མ་ཐོབ་གཤིས་ཤེས་བྱའི་ཟབ་མོ་མཐའ་དག་རྟོགས་པར་ག་ལ་ནུས་ཀྱང་། གང་འཐད་པ་དང་མི་འཐད་པ་དག་བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་དང་དེའི་དགོངས་འགྲེལ་འཕགས་བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་གསུང་གི་སྒྲོན་མེ་ལ་བརྟེན་ནས། རང་ཉིད་ཀྱིས་ཀྱང་རིགས་པ་དང་མི་རིགས་པའི་ཚུལ་ཅུང་ཟད་དཔྱད་དེ་སྨྲས་ན་སུས་སུ་ལ་ཕན་ཆ་མེད་པས་གཞན་དག་ལའང་ཅུང་ཕན་པའང་འབྱུང་སྲིད་ལ། གལ་ཏེ་རང་ཉིད་ཀྱིས་མ་རྟོགས་པ་དང་ལོག་པར་རྟོག་པའི་དབང་གིས་བཀའ་དང་དགོངས་འགྲེལ་ཟབ་མོ་བསླད་པར་བགྱིས་པ་ཞིག་ན་ནི་རང་ཉིད་ཀྱི་ཐར་ལམ་གྱི་སྒོ་འགེགས་པ་དང་།གཞན་མང་པོ་ཡང་དེར་སྦྱར་བས་གཏན་དུ་ཕུང་ཚབས་དང་ཉེས་སྐྱོན་དེ་ལས་ཆེ་བ་གཞན་མེད་པས། ཆོས་སྤྱན་དང་ལྡན་པ་དག་གིས་ལུང་རིགས་ཡང་དག་དང་མཐུན་པར་སུན་ཕྱུང་བར་གྱུར་ན་ནི། དེ་ཉིད་སྨན་པ་བཞིན་དུ་བརྟེན་བྱ་ཡིན་གྱི་སྡང་ཞེན་གྱིས་སུན་ཅི་ཕྱིན་ནམ་ཡང་བྱ་བ་མ་ཡིན་པས། གཟུ་བོའི་བློས་བགྲོ་གླེང་ཅུང་ཟད་བགྱིས་པ་ཡིན་ཅེས་གསུངས་སོ། །
དེས་ན་འཕགས་ཆེན་རྣམས་ཀྱིས་དམ་པའི་ཆོས་ཀྱི་མཛོད་ཡོངས་སུ་བསྲུང་བའི་ཕྱིར་གཞན་གྱི་ལོག་རྟོག་བཟློག་པ་སོགས་ནི་དོན་ཆེན་པོ་དང་འབྲེལ་བ་ཅན་ཏེ། མཁས་མཆོག་བློ་བཟང་རབ་གསལ་དང་། རྗེ་འདི་ཉིད་གཉིས་ཀྱང་ཕན་ཚུན་ལེགས་བཤད་ཀྱི་སྐྱེས་བཟང་པོ་བསྐུར་རེས་ཀྱིས་འབེལ་བའི་མཐར་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད།
ཚད་མ་རྣམ་འགྲེལ་གཟིགས་སྐབས་མནལ་ལམ་དུ་ངོ་བོ་ས་པཎ་ཡིན་རྒྱུ་ལ་རྣམ་པ་རྒྱ་གར་པཎ་གྲུབ་ཀྱི་ཆས་ཅན་ཤང་རྩེ་ཅུང་ཟད་གུག་པ་ཞིག་གིས་ཚད་མ་རྣམ་འགྲེལ་ལ་མི་ཤེས་རྒྱུ་ཅི་ཡོད། དགག་སྒྲུབ་གཉིས་རེད་གསུངས་ཏེ་ཚད་འགྲེལ་གྱི་དཔེ་ཞིག་དུམ་བུ་གཉིས་སུ་བྱས་ཉིད་ཀྱི་ཕྱག་ཏུ་གནང་ནས་འདི་གཉིས་མཉམ་དུ་སྡོམ་ཤིག་གསུངས་པས། དེ་ལྟར་བསྡམས་མ་ཐག་རལ་གྲི་ཞིག་ཏུ་གྱུར་ཏེ་ཉིད་ཀྱི་མདུན་ན་ཤེས་བྱའི་ཆོས་ཐམས་ཅད་ཡོད་སྣང་ཤར་བ་ལ། རལ་གྲི་དེ་གཅིག་གཡུག་པས་ཐོགས་པ་མེད་པར་ཐམས་ཅད་དུས་གཅིག་ལ་ཆོད་པའི་ཐུགས་སྣང་གསལ་བར་བྱུང་། ཕྱིར་ནང་ནས་རྣམ་འགྲེལ་ལ་མི་ཤེས་པ་ཚིག་གཅིག་ཀྱང་མ་བྱུང་གསུངས།
འདུལ་བ་མདོ་རྩ་ལ་ཐོག་མར་ལན་གཅིག་གཟིགས་པས་ཅུང་གོ་དཀའ་བ་འདྲ་ཞིག་བྱུང་བར། རྗེས་སུ་བཀའ་འགྱུར་ཚར་གཅིག་དཔེ་ལྟས་གཟིགས་སྐབས་འདུལ་པོད་བཅུ་གསུམ་པོ་ཚར་གཅིག་གཟིགས་པ་དེས་མདོ་རྩལ་མི་ཤེས་རྒྱུ་གཅིག་ཀྱང་མི་འདུག་གསུངས། དེའང་བོད་སྔ་རྗེས་ཀྱི་ཁྱད་སོགས་ཟབ་གནད་ཐུན་མིན་རྣམས་ནི་དཔེ་སོགས་ལ་བལྟས་པ་མིན་པར་བསྙེན་སྒྲུབ་ལ་བཞུགས་དུས་རིག་པའི་རྩ་ཁ་བྱེ་བ་དང་། བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ལས་རང་བབ་ཀྱིས་ཐུགས་ལ་ཤར་ཏེ་མ་བྲིས་ཐབས་མེད་བྱུང་བ་འབའ་ཞིག་ཡིན་ཅེས་གསུངས།
== རྩ་བའི་བླ་མས་རྒྱལ་ཚབ་ཏུ་མངལ་གསོལ་བ། ==
སྐབས་ཤིག་གི་དུས་ཚོད་དགེ་བར་རྗེ་མཁྱེན་བརྩེ་རིན་པོ་ཆེས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་བཟང་རྒྱུན་གང་དཀོན་དང་གནད་གང་ཆེའི་རིགས་ཀྱི་གླེགས་བམ་རྣམས་མཆོད་སྟེགས་སུ་བཞུགས་སུ་གསོལ་ནས་མཆོད་འབུལ་རྒྱས་པར་གནང་། དེའི་མདུན་དུ་གབ་རྩེའི་གདན་མཐོ་བར་རྗེ་འདི་ཉིད་བཞུགས་སུ་གསོལ་ནས། པུསྟི་འདི་རྣམས་ཀྱི་བཀའ་ཁྱེད་ལ་གཏད་པ་ཡིན་པས། ཕྱིན་ཆད་འཆད་པ་དང་རྩོད་པ་དང་རྩོམ་པ་གསུམ་གྱི་སྒོ་ནས་མི་ཉམས་པར་ཟུངས་ལ། འཇིག་རྟེན་གྱི་ཁམས་འདིར་རྒྱལ་བསྟན་རིན་པོ་ཆེ་ཡུན་རིང་དུ་གསལ་བར་གྱིས་ཤིག་ཅེས་ཆོས་ཀྱི་བདག་པོར་དབང་བསྐུར། སྒྲོལ་དཀར་གྱི་ཞལ་ཐང་། མཚན་བཀྲ་དང་འབྲེལ་བའི་བརྟན་བཞུགས་བཀའ་རྩོམ་ཕྱག་བྲིས་མ་སོགས་སྐུ་གསུང་ཐུགས་རྟེན་འགང་ཆེ་བ་དང་། དབང་རྟགས་སུ་རྗེ་ཉིད་ཀྱིས་བཞེས་པའི་པཎ་ཞུ་རྣ་རིང་བཅས་བསྩལ་ནས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་གཟེངས་བསྟོད་མཛད།
== མཁས་པ་ལ་མཁས་པས་བསྟོད་བསྔགས་ཐོབ་པ། ==
ཕྱིས་སུའང་རྗེ་མཁྱེན་བརྩེས་གཞན་ལ་གསུང་འཕྲོས་སུ་ད་ལྟའི་དུས་འདིར་སའི་སྟེང་ན་བླ་མ་མི་ཕམ་ལས་མཁས་པ་མེད། ཁོང་གི་སྐྱེས་རབས་དང་ཡོན་ཏན་གྱི་ཆེ་བ་བྲིས་ན་ཤེར་ཕྱིན་པུསྟི་ཙམ་གྱིས་མི་ཚད་པ་འབྲི་རྒྱུ་ཡོད་ཀྱང་ཁོང་ད་ལྟ་མི་མཉེས་པར་འདུག་ཅེས་གསུངས་པ་ལོ་རྒྱུས་ཁུངས་མ་ལས་ཐོས། འཇམ་མགོན་ཡོན་ཏན་རྒྱ་མཚོས་ཀྱང་མ་ཧཱ་པཎྜི་ཏ་མི་ཕམ་རྒྱ་མཚོ་ཞེས་གསུངས་ཤིང༌། ཉིད་མཛད་ཚད་མ་རྣམ་འགྲེལ་དང་། བཀའ་བརྒྱད་རྣམ་བཤད་སོགས་ཀྱི་བཤད་ལུང་ཀྱང་གསན།
== རྩོད་པས་ཕ་རོལ་པོ་ཚད་བཅད་པ། ==
ཇི་ཞིག་ན་གསར་ཕྱོགས་ཀྱི་མཁས་པ་ཆེན་པོ་འཇའ་པ་མདོ་སྔགས་ཀྱིས་སྤྱོད་འཇུག་ཤེར་ལེའི་འགྲེལ་པ་ལ་མི་འཐད་པའི་ཆ་བརྗོད་པ་ལ། མཁས་བཙུན་གྲུབ་པའི་ཁྱུ་མཆོག་དཔལ་སྤྲུལ་རིན་པོ་ཆེ་དཔང་པོར་བཞག་ནས་ཞག་དུ་མར་བགྲོ་གླེང་གནང་བའི་ཚེ། ཕལ་གྱིས་རང་རང་གི་འདོད་ཕྱོགས་དང་མཐུན་པའི་གཏམ་སྨྲ་བ་ཙམ་ལས་རྒྱལ་ཕམ་མ་འབྱེད་པའི་ཚེ། བླ་མ་རིག་མཆོག་ནས་དཔལ་སྤྲུལ་རིན་པོ་ཆེར་དེ་གཉིས་གང་རྒྱལ་ཞུས་པར། ངས་ནི་རྗེས་གཅོད་མི་ཤེས། ཚར་གཅོད་མི་ཤེས། འཇིག་རྟེན་གྱི་ཁ་དཔེར། བུ་ཕས་མི་བསྟོད་དགྲས་བསྟོད། བུ་མོ་མས་མི་བསྟོད་གནས་ཀྱིས་བསྟོད་ཟེར་བའི་དཔེ་ལྟར། ང་ལ་མདོ་སྔགས་ཀྱི་གྲྭ་པ་རྣམས་ཀྱིས་རྩོད་པ་སྔ་མའི་དུས་བླ་མ་མི་ཕམ་གྱི་ཐུགས་དམ་རྟེན་འཇམ་དཔལ་དབྱངས་ཀྱི་སྐུ་དེའི་ཐུགས་ཀ་ནས་འོད་ཟེར་ཞིག་བྱུང་བ་བླ་མའི་ཐུགས་ཀར་འབྲེལ་འདུག་པ་གསལ་བར་མཐོང་ཟེར་བས་དེའི་ནང་དུ་དོན་འདུས་འདུག་གསུངས། སྐབས་དེར་ཡང་དཔལ་སྤྲུལ་རིན་པོ་ཆེས། འཇའ་པ་མདོ་སྔགས་ཀྱིས་རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས་ཞེས་པར་འགྲེལ་པ་བྲིས་འདུག་པ་ལ། ལ་ལས་དགག་པ་དང་ལ་ལས་སྒྲུབ་པར་གོ་བ་ཞིག་སྣང་བས་འདི་ཐད་ནས་ཀྱང་བགྲོ་གླེང་རེ་མཛོད་ཅེས་བཀའ་ཕེབས་པ་བཞིན་མཛད་པས་རྗེ་འདི་ཉིད་རྒྱལ་ཞིང་། རྒྱུད་ལུང་མན་ངག་གི་བཤད་འགྲེལ་རྩོམ་པའི་བཀའ་གནང་སོང་ཞེས་རྗེ་འདི་གཉིས་ཀའི་ཞལ་སློབ་ཏུ་གྱུར་པ་ཁོ་བོའི་རིགས་བདག་གླིང་བླ་མ་ཆོས་འབྱོར་རྒྱ་མཚོའི་ཞལ་ལས་དངོས་སུ་ཐོས་སོ། །
== སྒྲུབ་པ་ལ་གཞོལ་ཚུལ། ==
ཕྱིས་སྒྲུབ་གནས་ཀྱི་རྒྱལ་པོ་དཀར་མོ་སྟག་ཚང་དུ་ལོ་བཅུ་གསུམ་རིང་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ། གཙོ་བོར་རྗེ་ཉིད་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་འཇམ་དཔལ་གཤིན་རྗེ་ཚེ་བདག་གི་བསྙེན་པ་གནང་། སྐབས་གཞུང་ནས་བཤད་པའི་རྟགས་ཐམས་ཅད་མ་བྱུང་བ་མེད་ཅེས་དང་། ལར་ཡང་མཚམས་ལ་ལོ་མང་གི་སྐབས་གཞུང་ནས་བཤད་པའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་རྩེ་གཅིག་པ་ལས་རང་བཞིན་ཁ་ཡེང་མིག་ཡེང་གིས་བསྙེན་པ་ཕྲེང་སྐོར་གཅིག་ཙམ་ཡང་བཟླ་མ་མྱོང་གསུངས། སྐབས་ཤིག་མཁྱེན་བརྩེ་རིན་པོ་ཆེའི་མདུན་དུ་བྱོན་པས། ཞལ་ནས་ཁྱེད་མཚམས་ལ་བཞུགས་སྐབས་ཉམས་ལེན་ཇི་འདྲ་མཛད་ཅིང་ཡོད་གསུངས་པར། ཕྲན་གྱིས་སློབ་གཉེར་བྱེད་དུས་དཔྱད་པ་དཔྱིས་ཕྱིན་པ་ཞིག་དང་། ཡི་དམ་གྱིས་བསྙེན་མཚམས་བྱེད་དུས་བསྐྱེད་རིམ་མཐར་ཕྱིན་པ་ཞིག་ཨེ་ཐོན་གཟབ་གཟབ་བྱེད་ཀྱིན་ཡོད་ཞུས་པས། དེ་ཚོ་དཀའ་མོ་རེད། ཀུན་མཁྱེན་ཆེན་པོས་ཅི་ཡང་མི་བྱེད་པར་རང་ཁར་སྡོད་རྒྱུ་ཞིག་གསུངས་ཡོད་དེ། ཁོ་བོ་ནི་དེ་བཞིན་བྱས་ཏེ་བསྡད་པས་སེམས་ངོ་ཟེར་བའི་དཀར་ཤ་དམར་མདངས་ཅན་ཞིག་མ་མཐོང་ཡང་། ད་ནི་ཤི་རུང་ཡ་ང་བག་ཚ་རྡུལ་ཙམ་ཞིག་མི་འདུག་གསུངས་ནས་བཞད་མོ་མཛད། དེ་བླ་མའི་གདམས་ངག་ཡིན་པར་གོ་བྱུང་གསུངས། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་ལས་རླུང་གི་རྒྱུ་བ་ཕལ་ཆེར་དབུ་མའི་དབྱིངས་སུ་དག་སྟེ་བདེ་སྟོང་དགའ་བཞི་དང་སྟོང་བཞིས་དྲངས་པའི་དཔེ་དང་དོན་གྱི་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོ་ཐུགས་ཉམས་སུ་བསྟར། ཁྱད་པར་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང༌། ལྷུན་གྲུབ་ཐོད་རྒལ་གྱི་རྣལ་འབྱོར་ལ་བརྟེན་ནས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་ཚད་ལ་ཕེབས་ཏེ་སྣང་སྤྱོད་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལ་དབང་བསྒྱུར། ནང་གི་རྩ་ཁམས་ཡི་གེ་སྤྲིན་གྱི་འཁོར་ལོར་ཡོངས་སུ་དག་པའི་སྟོབས་ཀྱིས་སྒོམ་བྱུང་གི་མཁྱེན་རབ་ཀློང་ནས་བརྡོལ་ཏེ་ཟབ་དོན་མཐའ་དག་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བཀོད་པར་མཛད་པའང་། བྱིན་རླབས་ཀྱི་འཇུག་སྒོ་དད་པ་སྐྱེད་པ་བསྟོད་ཚོགས་དང་རྟོགས་བརྗོད་ཀྱི་སྐོར། ཤེས་བྱ་སྤྱིའི་སྒྲོ་འདོགས་གཅོད་པ་ཐུན་མོང་རིག་གནས་ཀྱི་སྐོར། རྣམ་གྲོལ་ལམ་གྱི་འཇུག་ངོགས་ཟབ་ཅིང་རྒྱ་ཆེ་བ་ནང་དོན་རིག་པའི་སྐོར། བསྟན་པ་ཡུན་དུ་གནས་ཤིང་བདེ་ལེགས་རྟག་ཁྱབ་ལྷན་གྲུབ་ཀྱི་རྟེན་འབྱུང་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ཏེ། སྤྱིའི་ས་བཅད་བཞི་ལ་ནང་གསེས་དབྱེ་བ་དུ་མར་འབྱུང་བའི་གླེགས་བམ་རིན་པོ་ཆེ་མཚན་བཟང་སུམ་ཅུ་རྩ་གཉིས་ཀྱི་གྲངས་སུ་བཞུགས་པས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བའི་བསྟན་པར་འཆི་ཁ་མ་ལ་སྲོག་གི་ཟུངས་བསྩལ་བ་བཞིན་དུ་གྱུར་ཏོ། །དེ་ལྟར་གཙོ་བོར་རིམ་པ་གཉིས་ཀྱི་ཉམས་བཞེས་དང་། ཐུན་མཚམས་སུ་མན་ངག་བསྟན་བཅོས་ཀྱི་ཚུལ་ཇི་སྙེད་པ་སྩལ་བཞིན་དུ་བཞུགས་པ་ལས།
== སྐུ་མྱ་ངན་ལས་འདས་ཚུལ། ==
ཆུ་བྱི་ཟླ་བ་དང་པོའི་ཚེས་བཅུ་གསུམ་ལ་སྐུ་མཚམས་གྲོལ། དེའི་ཚེས་བཅོ་བརྒྱད་སྐོར་ནས་འགྲུལ་ངན་འགའ་རེས་ཐུགས་སུན་བྱུང་རྐྱེན་གྱིས་ཚེས་ཉེར་གཅིག་ཉིན་གློ་བུར་དུ་ཕྱག་བྲིས་གནང་བ་འདི་ལྟར། ན་མོ་མཉྫའི་ས་ཏྭ་ཡ། མངོན་དགའ་ལ་སོགས་དག་པའི་ཞིང་རྣམས་སུ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་ཐོབ་ནས། །མཁའ་ཁྱབ་འགྲོ་ལ་སྙིང་རྗེ་ཆེན་པོའི་སེམས། །ནམ་མཁའ་ཇི་སྲིད་འཛིན་པར་དམ་བཅའ་འོ། །ལས་ཀྱིས་མནར་བས་སྙིགས་དུས་ཆོས་སྨྲ་བདག །མི་ལོ་བཅུ་བདུན་ནང་རྩའི་ནད་དྲག་པོས། །བར་མེད་སྡུག་བསྔལ་ཆེ་ཡང་ད་བར་དུ། །སྒྱུ་ལུས་གཟེབ་ལ་བརྟེན་ནས་ཞིང་འདིར་བསྡད། །ད་ནིཤི་ལ་དགའ་བའི་འདུ་ཤེས་ཀྱིས། །ཐ་མའི་གཏམ་ཚིག་ཡི་གེའི་རིས་སུ་བྲི། །ཞེས་སོགས་ཞལ་ཆེམས་ཕྱག་བྲིས་སུ་གནང་ནས་སྦས་ཏེ་འཇོག་པར་མཛད། ཟླ་བ་གཉིས་པ་དང་གསུམ་པའི་ནང་དུ་མི་འཁྲུགས་པའི་གཟུངས་འབུམ་ཕྲག་གཉིས་ཙམ་ལྗགས་བཟླས་གནང་ཞིང་། ཉེ་གནས་བླ་མ་འོད་གསལ་ལ་བསླབ་བྱ་ཞལ་འཕྲོས་ཅི་རིགས་དང་། སྐབས་ཤིག་ན་དེང་སང་སྤྱིར་བདེན་པར་བཤད་ན་ཉན་མཁན་མེད། རྫུན་པར་བཤད་ན་ཐམས་ཅད་བདེན་པར་འཛིན་པས། དེ་སྔོན་སུ་ལའང་མ་སྨྲས། ཕྲན་སོ་སྐྱེ་ཐ་མལ་པ་ཞིག་མིན། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླངས་པ་ཞིག་ཡིན། ད་རེས་ཀྱིས་རྟེན་འདིར་བསྟན་འགྲོ་སྤྱི་དང་ཁྱད་པར་གསང་སྔགས་སྔ་འགྱུར་བའི་བསྟན་པ་ལ་ཕན་ཆེན་འདོགས་དགོས་ཡོད་ཀྱང་། སྤྱིར་རྙིང་མ་པ་རྣམས་བསོད་ནམས་དམན་པས་བར་ཆད་ཀྱི་འཚེ་བ་མང་བ་དང་། རྟེན་འབྲེལ་གྱི་གནད་ཁ་འགའ་ཞིག་ལ་བརྟེན་ནས་ནད་ཚབ་ཆེ་བ་སོགས་གང་ཅིས་ཕན་ཐོགས་བསམ་པ་ཙམ་མ་བྱུང་། འོན་ཀྱང་འགྲེལ་ཊཱིཀ་སོགས་ཅི་རིགས་གྲུབ་སོང་། ད་དབུ་མའི་སྤྱི་དོན་གསལ་རྒྱས་ཞིག་བྲི་འདུན་ཡོད་ཀྱང་མ་གྲུབ་མོད། དེ་མ་གྲུབ་ཀྱང་ཁྱད་ཆེན་པོ་མེད་ཅིང་། གཉུག་སེམས་སྐོར་དེ་མཐའ་རྫོགས་ཐུབ་པ་ཞིག་བྱུང་ན་རིས་མེད་བསྟན་པ་ཡོངས་ཀྱི་སྲོག་ཏུ་འགྱུར་བའི་དོན་གནད་ཆེན་པོ་ཞིག་ཡོད་པས་དེ་ཨེ་འགྲུབ་སྙམ་ཡང་ད་རེས་མ་གྲུབ་ལ། ད་ནི་དུས་ཀྱི་ཐ་མ་མཐའ་འཁོབ་ཀླ་ཀློས་བསྟན་ཞབས་སྡུད་ཉེ་སོགས་གང་ཅིའི་ཐད་ནས་སྐྱེ་བ་དངོས་ལེན་པ་ལ་ཕན་ཐོགས་ཅི་ཡང་མི་འདུག སྔོན་སྨིན་གླིང་སྐུ་མཆེད་བཞུགས་པའི་དུས་ཙམ་ཡིན་ན་བསྟན་འགྲོ་ལ་ཕན་པ་ཅི་རིགས་འབྱུང་སྲིད་མོད། ད་ནི་དུས་དབང་གིས་དེ་འདྲའི་རིགས་དཀའ་གཤིས་འདིའི་འོག་ཏུ་མ་དག་པའི་ཞིང་དུ་སྐྱེ་བ་གཏན་ནས་ལེན་རྒྱུ་མིན། དག་པའི་ཞིང་ཁམས་འབའ་ཞིག་ཏུ་སྡོད་ནས་སྨོན་ལམ་གྱི་དབང་གིས་གང་འདུལ་སྤྲུལ་པའི་རོལ་གར་ནི་འཕགས་པ་རྣམས་ལ་དུས་འཁོར་བ་ཇི་སྲིད་བར་རྒྱུན་མི་འཆད་པར་འབྱུང་བ་ཆོས་ཉིད་ཡིན་ཅེས་སོགས་ཕེབས། ཚེས་ཉེར་གཉིས་སྐོར་ནས་བཟུང་ད་ནི་འདུ་འཁྲུགས་ཀྱི་ནད་སོགས་དྲག་ཟིན་པས་སྡུག་བསྔལ་གྱི་ཚོར་བ་གཏན་ནས་མེད། ཉིན་མཚན་ཐམས་ཅད་དུ་ཐོད་རྒལ་གྱི་སྣང་བ་འཇའ་ཟེར་ཐིག་ལེ་སྐུ་དང་ཞིང་ཁམས་ཀྱི་སྣང་བ་འབའ་ཞིག་འཆར་གྱིན་འདུག་གསུངས། ཕྱོགས་ཀྱི་དད་འདུས་སློབ་མ་དང་སྦྱིན་བདག་རྣམས་ལ་མཇལ་ཁ་གནང་ཞིང་སྨོན་ལམ་མཛད། བསྟན་འགྲོའི་དོན་དུ་ཞབས་པད་བརྟན་དགོས་ཚུལ་ཞུས་པས། ད་ནི་མི་སྡོད་ངེས་ཅན་ཡིན། སྐྱེ་བ་ཡང་མི་ལེན། བྱང་ཤམ་བྷ་ལར་འགྲོ་རྒྱུ་ཡིན་ཅེས་གསུངས་ཏེ། དགུང་གྲངས་དྲུག་ཅུ་རེ་བདུན་པ་ཆུ་བྱི་ས་ཟླའི་ཚེས་ཉེར་དགུ་ལ་ཞབས་སེམས་སྐྱིལ་ཕྱག་མཉམ་གཞག་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་དེ་ཐུགས་ཟག་མེད་གདོད་མའི་གཞི་དབྱིངས་སུ་སྙོམས་པར་ཞུགས་སོ། །དེར་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་བས་འཇའ་འོད་ཀྱི་གུར་སོགས་ངོ་མཚར་བའི་ལྟས་བཟང་དེར་འདུས་ཀུན་གྱི་མཐུན་སྣང་དུ་བྱུང་ཞིང་། གཤེགས་རྗེས་ཀྱི་བྱ་བ་རྣམས་བླ་མ་འོད་གསལ་ནས་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཐབས་ལ་བརྩོན་པར་མཛད་དོ། །
== རྗེ་འདིའི་ཞལ་སློབ་སྐོར། ==
རྗེ་འདིའི་ཞལ་སློབ་ཀྱི་གཙོ་བོ་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ (1865–1926)། གཏེར་སྟོན་བསོད་རྒྱལ (1856–1926)། རྫོགས་སྤྲུལ་ལྔ་པ་ (ཐུབ་བསྟན་ཆོས་ཀྱི་རྡོ་རྗེ (1872–1935)། དང་དགེ་མང་མཁན་པོ (9th cent.)། ཞེ་ཆེན་རབ་འབྱམས་ (ལྔ་པ་འགྱུར་མེད་ཀུན་བཟང་བསྟན་འཛིན 1864–1909)། དང་རྒྱལ་ཚབ (འགྱུར་མེད་པདྨ་རྣམ་རྒྱལ 1871–1926། ཀཿཐོག་སི་ཏུ་(ཚོས་ཀྱི་རྒྱ་མཚོ1880–1924)། དཔལ་ཡུལ་རྒྱ་སྤྲུལ་(མདོ་སྔགས་བསྟན་འཛིན 1830–1892)། ཨ་འཛོམ་འབྲུག་པ་(འགྲོ་འདུལ་དཔའ་བོ་རྡོ་རྗེ1842–1924)། གྲུབ་དབང་ཤཱཀྱ་ཤྲཱི (1853–1919)། ངོར་དཔོན་སློབ་སོགས། མདོར་ན་ཀཿདཔལ་ཞེ་རྫོགས་དཔལ་སྤུངས་སྡེ་དགེའི་དགོན་ཆེན་རེབ་ཀོང་བར་གྱི་ས་དགེ་བཀའ་རྙིང་གི་སྤྲུལ་སྐུ་སྐྱེས་ཆེན། གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ། བསླབ་པ་གསུམ་ལྡན་གྱི་མཁན་པོ། རིམ་གཉིས་གདེང་ལྡན་གྱི་སྔགས་པ། ཚོ་བློས་བཏང་གི་བྱ་བྲལ་སོགས་གསུང་གི་སྲས་སུ་གྱུར་པ་བགྲང་གིས་མི་ལང་ཞིང་། ཐུགས་སྲས་སྐྱེས་ཆེན་རྣམས་ཀྱིས་བླ་མའི་ཕྲིན་ལས་སྤེལ་བ་ལ་བརྩོན་པ་ཆེ་ཐང་དུ་བསྐྱེད་བཞིན་པའོ། །རྗེ་འདིས་ས་གཏེར་དངོས་སུ་བཞེས་པའི་ཐུགས་རྩོལ་མ་གནང་ཡང་དགོས་པ་ཁྱད་པར་ཅན་དང་འབྲེལ་བའི་བསྐྱེད་རྫོགས་མན་ངག་ལས་ཚོགས་སོགས་སྔར་མ་གྲགས་པ་མང་པོ་ཞིག་དགོངས་གཏེར་དུ་བརྡོལ་བ་བསྟན་བཅོས་ཀྱི་ཚུལ་དུ་སྤེལ་བར་མཛད་པ་སྟེ། དོན་ལ་གཏེར་ཐམས་ཅད་ཀྱི་རྒྱལ་པོ་ཟབ་མོ་དགོངས་པའི་ཀློང་མཛོད་ལ་མངའ་དབང་བསྒྱུར་བའི་གཏེར་སྟོན་རྒྱལ་པོ་མཆོག་ཏུ་གྲུབ་པ་ཡིན་ནོ། །
== བརྩམས་ཆོས་དཀར་ཆག ==
{| class="wikitable"
|+
!
!མཚན།
!རྩོམ་པ་པོའི་དགུང་ལོ།
!བརྩམས་པའི་དུས།
!ཟུར་བརྗོད།
|-
|
|འཇམ་དཔལ་མར་མེ་མཆོད་པའི་ལག་ལེན་མདོར་བསྡུས་འབེལ་གཏམ་རྣ་བའི་བདུད་རྩི།
|སུམ་བཅུ།
|ཤིང་ཕག་(༡༨༧༥)ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་གཅིག
|མཁྱེན་བརྩེ་དང་དགྱེས་རབ་རྡོ་རྗེའི་ཞལ་སྔ་ནས་དགྱེས་པའི་གསུང་གི་སྣང་བ་བསྩལ་བའི་མཐུ་ལས། དབོན་ཨ་བྷ་ཡ་བཛྲ་དང་དབོན་རྣམ་གྲོལ་གྱི་མཚན་ཅན་གཉིས་ནས་་ཡང་ཡང་བསྐུལ་བ་ལ་བརྟེན་ནས།
|-
|
|ཞལ་གདམས་སྙིང་གི་ཏི་ལ་ཀ
|སུམ་བཅུ།
|ཤིང་ཕག་(༡༨༧༥)ཟླ་བ་བརྒྱད་པའི་ཚེས་ཉི་ཤུ།
|
|-
|
|འཇམ་དཔལ་དཀར་པོའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ།
|སུམ་ཅུ།
|ཤིང་ཕག་(༡༨༧༥)ཟླ་བའི་ཡར་ཚེས།
|རང་ཉིད་ལ་དགོས་པས་གབ་སྦས་མེད་པར་དམ་པ་གོང་མའི་གསུང་བཞིན་མགོ་མཇུག་གི་ཡིག་ཆུང་སོགས་ཀྱི་སྤྲོས་པ་དོར་ཏེ་དོན་གྱི་སྙིང་པོ་ཚང་ལ་མ་འཁྲུལ་པར་བྲིས།
|-
|
|
|སོ་བཞི།
|མྱོས་ལྡན་(ས་ཡོས་༡༨༧༩)ཁྲུམས་ཟླའི་(༨)དམར་ཕྱོགས་ཀྱི་ཚེས་དགུ་(༢༤)རེས་གཟའ་ལྷ་ཡི་བླ་མ་དང་རྒྱུ་སྐར་གྲུབ་པའི་རྒྱལ་མོ་རྩེ་བའི་དུས་ཚེས་དགེ་བར
|
|-
|
|འཇམ་དཔལ་གྱི་ཚོགས་མཆོད།
|སོ་ལྔ།
|ལྕགས་འབྲུག་(༡༨༨༠)ལོར།
|འདི་ཡང་རྒྱུད་སྡེ་རིན་པོ་ཆེའི་དགོངས་པ་ཇི་ལྟ་བ་བཞིན།
|-
|
|ཚོགས་བྱིན་རླབས།
|
|
|
|-
|
|ཚོགས་བསྡུས།
|སོ་ལྔ།
|ལྕགས་འབྲུག་(༡༨༨༠)ཟླ་བ་ལྔ།
|
|-
|
|ཨ་ར་པ་ཙ་ལ་བརྟེན་ནས་བླང་དོར་བརྟག་པ་འཇམ་དཔལ་དགྱེས་པའི་ཞལ་ལུང་།
|སོ་ལྔ།
|ལྕགས་འབྲུག་ལོ།
|
|-
|
|རྒྱུད་ལུགས་འཇམ་དཔལ་ཞི་བའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་མཆོག་གྲུབ།
|སོ་དྲུག
|རབ་ཚེས་ལྕགས་སྦྲུལ་(༡༨༨༡)ཆོ་འཕྲུལ་ཟླ་བའི་(༡)ཉ།
|ཤིང་དགེ་མཚན་གྱི་རྟེན་འབྲེལ་རབ་ཏུ་གྱུར།
|-
|
|གཟུངས་སྤོབས་སྒྲུབ་སྐོར་ལས། དྷཱིཿ རང་སེམས་ཀ་དག་མ།
|སོ་དྲུག
|ལྕགས་སྦྲུལ་(༡༨༨༡)ཟླ་བ་གཅིག་པའི་ཚེས་དྲུག
|
|-
|
|འཇམ་དཔལ་ཡེ་ཤེས་སེམས་དཔའི་སྨིན་བྱེད་དབང་གི་རིམ་པ་ཡེ་ཤེས་རྡོ་རྗེའི་རྒྱུན་འབེབས།
|སོ་དྲུག
|ལྕགས་སྦྲུལ་(༡༨༨༡)སྣྲོན་ཟླའི་(༥)ཉ།
|ཡི་དམ་ལྷག་པའི་ལྷའི་བསྙེན་སྒྲུབ་ལ་གཞོལ་བའི་ཐུན་གསེང་གཅིག་ཏུ་ལེགས་པར་སྤེལ།
|-
|
|གཟུངས་སྤོབས་སྒྲུབ་སྐོར་ལས། ཕྱོགས་དུས་རྒྱལ་བའི་ཡེ་ཤེས་མ་དང་དོན་བསྡུས།
|སོ་དྲུག
|ལྕགས་སྦྲུལ་(༡༨༨༡)ཟླ་བ་གཅིག་པའི་ཚེས་བཅུ་གཉིས།
|རྡོ་གྲུབ་སྤྲུལ་པའི་སྐུ་རིན་པོ་ཆེ་ནས་བཀའ་བསྩལ་པ་བཞིན།
|-
|
|ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཨ་སྐྱེ་མེད་སྟོང་པ་ཡུམ་གྱི་མཁའ་དབྱིངས་མ།
|
|ས་སྐྱོང་གི་(ཤིང་བྱ་༡༨༨༥)ལོའི་ཟླ་བ་གསུམ་པའི་ཚེས་ཉེར་ལྔ།
|
|-
|
|འགྲེས་བྱང་།
|
|
|
|-
|
|བསྐང་བ།
|
|
|
|-
|
|འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་དང་འབྲེལ་བའི་སྨོན་ལམ་བྱིན་རླབས་སྤྲིན་ཆེན།
|
|
|
|-
|
|བརྒྱུད་འདེབས།
|
|
|
|-
|
|རིགས་ལྔའི་མཁའ་འགྲོ་ཆོས་སྲུང་།
|
|
|
|-
|
|བགེགས་བསྐྲད་སྲུང་འཁོར་བསྒོམ་པ།
|སོ་དྲུག
|ལྕགས་སྦྲུལ་(༡༨༨༡)ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ལ་གང་ཤར་བྲིས་པ།
|གཞུང་གི་ལྷན་ཐབས་སུ་སྦྱར་བར་བྱ།
|-
|
|ཡང་གསང་ཚེ་ཡི་སྒྲུབ་པ་འཆི་མེད་རྡོ་རྗེའི་སྲོག་གྲུབ།
|
|ལྕགས་སྦྲུལ་(༡༨༨༡)ཟླ་བ་གསུམ་པའི་ཚེས་ཉེར་གཅིག
|རིག་འཛིན་བརྒྱུད་པའི་མན་ངག་གི་སྙིང་པོ་ཡིན།
|-
|
|འཇམ་དཔལ་གྱི་འཕོ་བའི་གདམས་པ།
|སོ་དགུ
|ཤིང་སྤྲེལ་(༡༨༨༤)ཟླ་ ༡༡ ཚེས་ ༡༧།
|
|-
|
|
|
|ས་སྐྱོང་གི་ལོའི་(ཤིང་བྱ་༡༨༧༥)ཟླ་བ་གསུམ་པའི་ཚེས་ཉེར་ལྔ།
|
|-
|
|འདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར།
|ཞེ་གཅིག
|མི་ཟད་པའི་ལོ་(༡༨༨༦)ཆོ་འཕྲུལ་ཟླ་བའི་(དང་པོ)དམར་ཕྱོགས་བཟང་པོ་དང་རྒྱལ་བ་དང་པོའི་བར་()ཞག་གཉིས་ལ་གྲུབ།
|
|-
|
|ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་པོར་བཤད་པ་ལེགས་བཤད་སྣང་བའི་གཏེར།
|ཞེ་གཅིག་དང་ཞེ་གཉིས།
|མེ་ཁྱི་(༡༨༨༦)བོད་ཟླ་དགུ་པའི་ཚེས་བཅུ་ནས་མེ་ཕག་(༡༨༨༧)བོད་ཟླ་དང་པོའི་ཚེས་གཅིག་བར་ཟླ་བ་གཉིས་དང་ཞག་པོ་ཉི་ཤུ་ལྷག་ཙམ་རིང་གྲུབ་པར་མཛད།
|ཡིག་ཁུངས། བློ་རྣམ་གཉིས་འགྲེལ་པ་གཞིར་བཟུང་། རྒྱ་བོད་འགྲེལ་པ་བཅུ་གྲངས་པ་གཏུགས།
སྐུལ་བ་པོ། ལྷག་བསམ་བསྟན་པའི་རྒྱལ་མཚན།
|-
|
|དངོས་གྲུབ་ལེན་ཆོག
|
|ས་གླང་(༡༨༨༩)ཟླ་བ་བཅུ་པའི་ཚེས་བཅུ་བདུན།
|
|-
|
|འཇམ་དཔལ་བསྟོད་པ་བྱིན་རླབས་གཏེར་ཆེན།
|ཞེ་བཞི།
|ས་གླང་(༡༨༨༩)ཟླ་བ་གཅིག་པའི་ཚེས་བཅུ་གསུམ་ལ་བྲིས།
|
|-
|
|གཟུངས་སྤོབས་སྒྲུབ་སྐོར་ཟབ་གསང་ནོར་བུའི་གཏེར་མཛོད་སྙིང་གི་མུན་སེལ།
|
|གཟུངས་སྤོབས་སྒྲུབ་སྐོར་ཟབ་གསང་ནོར་བུའི་གཏེར་མཛོད་སྙིང་གི་མུན་སེལ་བཞུགས། །
|
|-
|
|ར་ས་ཡཱ་ནའི་ལག་ལེན་གསལ་བར་བརྗོད་པ་བདུད་རྩི་གྲུབ་པ།
|ཞེ་བདུན།
|ཆུ་འབྲུག་གི་(༡༨༩༢)ཟླ་བ་ལྔ་པའི་ཚེས་ལྔ།
|གསེར་ཆོས་ཡང་དག་པ་ཟབ་ཅིང་གསང་བའི་རྒྱ་ཅན་ཡིན་ནོ་མངྒ་ལཾཿ །བཅུད་ལེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བམ་ཡོན་ཏན་གྲུབ་ཚེ། ཁུ་བ་བཏང་མི་རུང་།
|-
|
|འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བློ་ཡི་ཉིན་བྱེད།
|ཞེ་དགུ
|ཤིང་རྟ་(༡༨༩༤)ཟླ་༥ཚེས་༡ལ
|དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་བྲང་རྩེར་འཇམ་དབྱངས་རིལ་བུ་ཕོན་ཆེར་སྒྲུབ་པའི་ཚེ་ཡིག་རྙིང་དུ་མའི་བཅུད་བསྡུས་ཏེ་བྲིས།
|-
|
|བཅུད་ཆོག་ཁ་སྐོང་།
|ཞེ་དགུ
|ཤིང་རྟ་(༡༨༩༤)མགོ་ཟླའི་(༡༡)གྲལ་ཚེས།
|དགེ་བ་རྣམས་སུ་ལྷུན་གྲུབ་སྟེང་དུ་སྤེལ།
|-
|
|བཅུད་ལེན་སྒྲུབ་ཐབས་མཉྫུ་ཤྲཱི་ར་ས་ཡཱ་ན་སཱ་དྷ་ནི།
|
|ཤིང་རྟ་(༡༨༩༤)ཟླ་བ་བཅུ་གཅིག་གི་ཚེས་བཅུ་བཞི།
|ལུགས་གཉིས་ཀྱི་འདུན་པ་ཆེན་པོ་དཔལ་ལྷུན་གྲུབ་སྟེང་གི་ཕོ་བྲང་ཡང་རྩེ་ནས་འཇམ་དཔལ་དགྱེས་པས་བྲིས།
|-
|
|རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན།
|ལྔ་བཅུ།
|ཤིང་མོ་ལུག་(༡༨༩༥)གི་ལོའི་བོད་ཟླ་དང་པོའི་ཚེས་བཅུ་བཞི་ནས་བརྩམས་ཏེ་གཉིས་པའི་ཚེས་དྲུག་ལ་གྲུབ།
|ཡིག་ཁུངས། འཕགས་པ་གསེར་འོད་དམ་པ་སོགས་དངོས་སུ་སྨོས་པ་བཅོ་བརྒྱད།
སྐུལ་བ་པོ། སྡེ་དགེ་ས་སྐྱོང་བླ་མ་ངག་དབང་འཇམ་དཔལ་རིན་ཆེན།
|-
|
|འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་འཆི་བདག་བདུད་འཇོམས་བདུད་རྩི་བཅུད་འཁྱིལ།
|ལྔ་བཅུ།
|ཤིང་མོ་ལུག་གི་ལོའི་(༡༨༩༥)ཧོར་ཟླ་གསུམ་པའི་ཡར་ཚེས།
|ལྷུན་གྲུབ་སྟེང་དུ་འཇམ་དཔལ་དགྱེས་པའི་རྡོ་རྗེས་བཀོད།
|-
|
|འཇམ་དཔལ་ཚེ་བདག་དམར་པོའི་ཚེ་དབང་བདུད་རྩིའི་རྒྱུན་འབེབས་འཆི་མེད་དཔལ་སྟེར།
|ལྔ་བཅུ།
|ཤིང་མོ་ལུག་གི་ལོའི་(༡༨༩༥)ས་ག་ཟླ་བའི་(༤)ཚེས་བཅོ་བརྒྱད།
|ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་རྟེན་འབྲེལ་མཆོག་ཏུ་དགེ་བ་དང་བཅས་ཏེ་ཉིན་གཅིག་པོ་དེ་ལ་གྲུབ་པར་བགྱིས
|-
|
|བཀྲ་ཤིས་བརྒྱད་པ།
|ང་གཅིག
|མེ་སྤྲེལ་(༡༨༩༦)ཟླ་བ་ལྔ་པའི་ཚེས་གསུམ།
|རེས་གཟའ་ཉི་མ་དང་སྒྱུ་སྐར་རྒྱལ།
|-
|
|རྟེན་འབྲེལ་ལམ་ཡག་འཆམས་ལུགས།
|ང་གཅིག
|མེ་སྤྲེལ་(༡༨༩༦)ཟླ་བ་དྲུག་པའི་ཚེས་གསུམ།
|འབྲས་དཀར་ཞིག་གིས་རྐྱེན་པས་བྲིས།
|-
|
|བཅུད་ལེན་གྱི་ཆ་ལག་རིན་ཆེན་ཟ་མ་ཏོག
|ང་གཅིག
|མེ་སྤྲེལ་(༡༨༩༦)ཁྲུམས་ཟླའི་(༨)ཆུ་གཏེར་(༤)ཚེས།
|འཆི་མེད་མཆོག་གྲུབ་གླིང་དུ་རྣལ་འབྱོར་པ་འཇམ་དཔལ་དགྱེས་པ་དབང་གི་རྡོ་རྗེས་སྤེལ།
|-
|
|ཆགས་ལམ་ཉེར་མཁོ་སྐབས་བརྒྱད་པ་ཅན།
|ང་གསུམ།
|ས་ཁྱི་(༡༨༩༨)ཧོར་ཟླ་བརྒྱད་པའི་ཚེས་ཉེར་ལྔ།
|
|-
|
|འཇམ་དཔལ་བདེ་བ་ཆེན་པོར་འདུད་སོགས།
|
|ལྕགས་བྱི་(༡༩༠༠)ཟླ་བ་གཅིག་པའི་ཚེས་དྲུག
|ཁྲི་འདུ་སྐལ་བཟང་དགོན་དུ་སྣག་བུམ་ཞབས་གསར་སྦྱར་གྱིས་བྲིས།
|-
|
|ཐུབ་ཆོག་བྱིན་རླབས་གཏེར་མཛོད།
|ང་བཞི།
|ལྕགས་བྱི་(༡༩༠༠)ཟླ་བ་དང་པོའི་ཚེས་བརྒྱད།
|
|-
|
|འཇམ་དཔལ་བདེ་བ་ཆེན་པོའི་སྒྲུབ་ཐབས།
|
|ས་ཕག་(༡༨༩༩)ཟླ་བ་གཅིག་པའི་ཚེས་བཅོ་ལྔ།
|རྫ་རྒྱལ་དགོན་དུ་དྷཱིས་བྲིས་པ།
|-
|
|འཇམ་དཔལ་དྷཱི་སྒྲུབ།
|
|ས་ཕག་(༡༨༩༩)ཟླ་བ་གཉིས་པའི་ཚེས་གསུམ་གསུམ།
|རྫ་རྡོ་རྗེ་འཕེན་ཕྱུག་གི་རི་ཞོལ་དུ་ཡི་གེར་བཀོད།
|-
|
|མདོ་སྔགས་ཐེག་པའི་རྟོགས་གནད།
|ང་བཞི།
|ལྕགས་བྱི་(༡༩༠༠)ཟླ་བ་གཉིས་པའི་ཚེས་ཉེར་དྲུག
|སྐུལ་བ་པོ། དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ།
|-
|
|གདོད་མའི་མགོན་པོ་འཇམ་དཔལ་ཡེ་ཤེས་སྐུ།
|ང་ལྔ།
|ལྕགས་གླང་(༡༩༠༡)ཟླ་བ་གསུམ་པའི་ཚེས་གཅིག
|
|-
|
|འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་སྒྲུབ་ཐབས།
|ང་ལྔ།
|ལྕགས་གླང་(༡༩༠༡)གྲོ་བཞིན་ཟླ་བའི་(༧)ཚེས་བཞི།
|
|-
|
|སྔགས་འགྲུབ་པའི་མན་ངག་ཁྱད་པར་ཅན།
|
|དགེ་བྱེད་ཆུ་སྟག་(༡༩༠༢)ཟླ་བ་བརྒྱད་པའི་ཚེས་ཉེར་ལྔ།
|
|-
|
|འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་གསོལ་འདེབས་འདོད་དོན་ཡོངས་སྩོལ།
|ང་དྲུག
|དགེ་བྱེད་ཆུ་སྟག་(༡༩༠༢)སྨིན་ཟླའི་(༡༠)ཉེར་ལྔ།
|
|-
|
|གངས་ཅན་པ་སྤྱི་དང་ཁྱད་པར་རྙིང་མ་བ་རྣམས་ལ་གདམས་པ།
|རེ་གཅིག
|མེ་རྟ་(༡༩༠༦)ཟླ་བ་གཉིས་པའི་ཚེས་བཅུ།
|འཕྲལ་དྲན་ལྟར་བྲིས།
|-
|
|འཇམ་དཔལ་གྱི་སཱཙྪའི་ལས་ཚོགས།
|རེ་གཅིག
|མེ་རྟ་(༡༩༠༦)ནག་ཟླའི་(༣)ཡར་ཚེས་བཅུ།
|རོང་ཟོམ་པཎྜི་ཏ་ཆེན་པོའི་གསུང་དང་། ལས་ཐམས་ཅད་པའི་རྒྱུད་སོགས་ཀྱི་དགོངས་པ་བཞིན་བརྩམས།
|-
|
|ཚོགས་འཁོར་བསྡུས་པ།
|རེ་གཅིག
|མེ་རྟ་(༡༩༠༦)ཟླ་༨ཚེས་༢༥ལ།
|
|-
|
|འཇམ་དཔལ་གསང་སྒྲུབ།
|
|མེ་རྟ་(༡༩༠༦)ཟླ་བ་དགུ་པའི་ཚེས་བཅུ་གཅིག
|
|-
|
|འཇམ་དཔལ་རྡོ་རྗེ་རྣོན་པོ།
|
|མེ་རྟ་(༡༩༠༦)ཟླ་བ་དགུ་པའི་ཚེས་བཅུ་གཅིག
|གོང་ཚེས་ལའོ།།
|-
|
|ཚོགས་བསྡུས།
|
|
|
|-
|
|སྔ་འགྱུར་རྙིང་མའི་རྒྱུད་ཀྱི་བྱུང་ཚུལ་ལ་དོགས་སེལ།
|རེ་གཅིག
|མེ་རྟ་(༡༩༠༦)ཟླ་བ་ཚེས།
|
|-
|
|དབུ་མ་ལ་འཇུག་པའི་འགྲེལ་བ་ཟླ་བའི་ཞལ་ལུང་དྲི་མེད་ཤེལ་ཕྲེང་
|རེ་གཉིས།
|མེ་ལུག་(༡༩༠༧)ཟླ་༡༢ཚེས་༡༥།
|
|-
|
|སྦྱིན་སྲེག་གི་ལས་རིམ་དོན་གསལ།
|རེ་གསུམ།
|ས་སྤྲེལ་(༡༩༠༨)དབོ་ཟླའི་(༢)ཚེས་བཅུ་དྲུག
|ཁྲ་མགུ་རི་ཁྲོད་བདེ་མཆོག་ཕོ་བྲང་དུ་གྲུབ་པར་བགྱིས།
|-
|
|སྙན་དངགས་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ།
|དྲུག་ཅུ་རེ་བཞི།
|ས་མོ་བྱ་(༡༩༠༩)བོད་ཟླ་བཅུ་པའི་ཚེས་གསུམ་ནས་ཉེར་གསུམ་བར་ཞག་ཉི་མ་ཉི་ཤུའི་རིང་བརྩམས། (ཞག་འགའ་ལས་དོན་གཞན་གྱི་ཆེད་དུ་ཕེབས།)
|རྩོམ་ཡུལ། ལྡན་ཡུལ་གོ་ཐི།
|-
|
|སྔགས་འགྲུབ་པའི་མན་ངག་ཁྱད་པར་ཅན།
|
|ལྕགས་ཁྱི་(༡༩༡༠)ཟླ་བ་བཅུ་གཉིས་པའི་ཚེས་ཉི་ཤུ
|
|-
|vol. 2
|ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན།
|66
|ལྕགས་ཕག་གི་ལོར། (༡༩༡༡)
|རྗེ་བཙུན་མཁྱེན་པའི་བདག་པོའི་རིག་སྔགས་བཟླ་བའི་བཅད་རྒྱའི་ཚེ་དབྱར་ཕྱོགས་ཞག་བཞི་བཅུ་ཙམ་གྱི་ཐུན་གསེང་ལ། སློབ་དཔོན་ཆེན་པོ་བློ་བརྟན་གྱི་འགྲེལ་པ་གཞིར་བཞག་བྱས་ནས་དོན་གསལ་བར་བསྡུས་ཏེ་མི་ཕམ་འཇམ་དབྱངས་རྒྱ་མཚོས་བཀོད་པ་དགེ་ལེགས་སུ་གྱུར་ཅིག །
|-
|
|ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ
|xxx
|(༡༩༠༨) རྗེས་ནས་བརྩམས།
|ཐུབ་ཆོག་བྱིན་རླབས་གཏེར་མཛོད་དགུང་ལོ་ང་བཞིར་བརྩམས་པས་དེའི་ཕྱིས་སུ་ཡིན་དགོས་ཀྱང་ལོ་ཚིགས་གཏན་ཁེལ་མ་རྙེད།
|-
|vol. 8
|བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ།
|xxx
|xxx
|དེ་བཞིན་གཤེགས་པའི་གསུང་རབ་ཀྱི་མཛོད་རྣམས་ལ་བཏུས།
|-
|
|གཏམ་ཚོགས་ཐོར་བུའི་རིགས་ཕྱོགས་གཅིག་ཏུ་སྒྲིགས་པ་ལེགས་བཤད་ནོར་བུའི་བང་མཛོད།
|xxx
|xxx
|རྫོང་སར་བཀྲ་ཤིས་ལྷ་རྩེར་བརྩམས།
|-
|
|བསྡུས་ཚན་རྩོད་རིགས་སྨྲ་བའི་སྒོ་འབྱེད།
|xxx
|xxx
|xxx
|-
|
|ཚད་མ་རིགས་པའི་གཏེར་མཆན་གྱིས་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན།
|xxx
|xxx
|xxx
|-
|
|ཚད་མ་ཀུན་ལས་བཏུས་པའི་མཆན་འགྲེལ་རིག་ལམ་རབ་གསལ་སྣང་བ།
|xxx
|xxx
|མི་ཕམ་པའི་མཆན་བུ་གཞུང་དཀྱུས་སུ་ཡོད་པ་ནུས་ལྡན་སོགས་ཀྱིས་བསྒྲིགས།
|-
|
|མཐོང་གྲོལ་དབུ་ཞྭའི་འབེལ་གཏམ་མདོར་བསྡུས་པ།
|xxx
|xxx
|སྐུལ་བ་པོ། བློ་ལྡན་ཨ་ཚང་།
|-
|
|གྲོགས་དང་གཏམ་གླེང་བའི་རྐྱེན་ལས་མཚར་གཏམ་དུ་བྱས་པ།
|xxx
|xxx
|སྐུལ་བ་པོ། སྙན་གྲགས་སྤྲུལ་སྐུ་སྐུ་འཁོར། གནས། བཀའ་བརྒྱུད་ཐུབ་བསྟན་དར་རྒྱས་གླིང་།
|-
|
|གླིང་བྲོ་བདེ་ཆེན་རོལ་མོ།
|
|
|
|-
|
|གླུ་བྲོ་སྒྱུ་མའི་རོལ་མོ།
|
|
|སྙན་ངག་པ་པདྨ་ཡེ་ཤེས་ནས་བསྐུལ།
|-
|
|ཤྭ་མིག་བྱིས་པ་དྲང་བའི་མཚར་རྩེད།
|
|
|ཉག་བྱམས་འབྱོར་དགོན་བླ་མ་རིག་འཛིན་གྱི་ཕྱག་དཔེ་ལས་བྱུང་།
|-
|
|ད་རུང་་་་་་་མང་་་་
|
|
|
|-
|
|གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་མཆན་འགྲེལ་ནོར་བུའི་ཕྲེང་བ།
|xx
|xx
|རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེའི་ཉེ་གནས་དམ་པ། བླ་མ་དང་བསྟན་པ་ལ་མཆོག་ཏུ་གུས་པའི་བློ་གྲོས་ཅན། ཤཱཀྱའི་དགེ་སློང་ཞིང་སྐྱོང་གིས་བླ་མའི་བཀའ་བཞིན་བསྐུལ་གནང་ལྟར། རབ་ཚེས་མེ་སྟག་ལོར་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་འཕེལ་དུ་ཤཱཀྱའི་བཙུན་གཟུགས་ས་མནྟ་དྷརྨ་ཀི་རྟིར་འབོད་པས་འཇམ་དབྱངས་མི་ཕམ་རིན་པོ་ཆེའི་ས་བཅད་དང་རྩ་བའི་ཕྱག་མཆན་འགྲེལ་པར་གཏུགས་ཏེ་བཀོད་པའི་ཡི་གེ་པ་ནི། ཤཱཀྱའི་དགེ་སློང་མཁྱེན་བརྩེ་བློ་གྲོས་ཀྱིས་བགྱིས།
|-
|
|དབུ་མ་རྩ་བའི་མཆན་འགྲེལ་གནས་ལུགས་རབ་གསལ་ཀླུ་དབང་དགོངས་རྒྱན།
|xx
|xx
|མི་ཕམཔའི་ཕྱག་མཆན་ལས། སྔར་ཀཿཐོག་ཏུ་སྐྱབས་མགོན་སི་ཏུ་རིན་པོ་ཆེའི་བདག་རྐྱེན་ལས་ཞལ་བཤུས་དང་། སླར་རབ་ཚེས་མེ་སྟག་ལོར་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ། ༧ཟེ་ཆེན་པ་འགྱུར་མེད་པདྨ་རྣམ་རྒྱལ་དང་། ལུང་རིགས་སྨྲ་བའི་དབང་ཕྱུག་མཁན་རིན་པོ་ཆེ་ཀུན་བཟང་དཔལ་ལྡན་བཅས་ནས་རྩ་བའི་ཕྱག་མཆན་དང་བསྡུར་ཡང་བསྐྱར་གྱིས་ཞུས་ཆེན་བགྱིད་དེ་ལེགས་པར་གཏན་ལ་ཕབ།
|-
|
|རྒྱུད་ལུང་མན་ངག་གི་ཚིག་དོན་ཅུང་ཟད་བཤད་པ་དྲི་མེད་ཤེལ་གྱི་མེ་ལོང་།
|xx
|xx
|ཨ་བྷ་ཡ་དྷ་རྨེནྡྲའི་(འཇིགས་མེད་ཆོས་ཀྱི་དབང་པོ་)ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་རེག་དང་དངུལ་དཀར་གྱི་མེ་ལོང་བཅས་ཆེད་དུ་བསྐུལ་བའི་གསུང་གནང་བ་དེ་མ་ཐག་ཏུ་ཚིག་དོན་ལ་བཀའ་འདྲི་ཞུས་པ་བཞིན་བཤད་ལུང་ཞིག་ཀྱང་གནང་བའི་བཀའ་དྲིན་ལ་བརྟེན་ནས་ཨ་ཛི་ཏ་བི་ཛ་ཡས་རང་བློས་གང་དཔོག་ཅུང་ཟད་རྣམ་པར་བཤད་པ།
|-
|
|མངོན་པའི་འགྲེལ་པ།
|
|
|མི་ཕམ་རིན་པོ་ཆེའི་བཀའ་མཆན་འདིའི་ཁུངས་མངོན་པའི་རྒྱན་སོར་བཞག་ལས་ཚིག་སྣ་བསྡུས་པས་ཅུང་གོ་དཀའ་བ་རྣམས་གཞུང་དང་མཐུན་པར་དག་སྦྱོར་ཙམ་ལས་རང་ཚིག་གི་བསྲེ་བསླད་མེད་པར། ཀཿཐོག་པ་སྐལ་བཟང་མིང་གིས་རྗེ་བླ་མ་ཐམས་ཅད་མཁྱེན་པའི་སི་ཏུ་རྡོ་རྗེ་འཆང་གི་བཀའ་བཞིན་ཉིན་དགོན་བསམ་གཏན་གླིང་གི་སྒྲུབ་ཁང་དུ་ཞལ་བཤུས།
|-
|
|ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་པུཎྚ་རི་ཀའི་དོ་ཤལ།
|
|
|མི་ཕམ་རིན་པོ་ཆེའི་ཕྱག་མཆན་ལྟར། སྐབས་ལྔ་པ་རྩེ་མོའི་མངོན་རྟོགས་ཀྱི་ཕྱེད་ཡན་ཆོད་ཀཿཐོག་སི་ཏུ་པཎྜི་ཏས་ཞལ་བཤུས་པར་མཛད་ཅིང་། དེ་ཕྱིན་གྱི་མཇུག་ཡོངས་སུ་རྫོགས་པ་དང་། ཞུས་དག་པར་བྱེད་པ་པོ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གླིང་དུ་མེ་སྟག་ས་ག་ཟླ་བའི་ཤར་ཕྱོགས་ཌཱ་ཀི་འདུ་བའི་དུས་ཚེས་ཉེར་ལྔ་ལ་གྲུབ་པར་བགྱིས།
|-
|
|བཟླས་དམིགས།
|ནོ།
|ནོ།
|ནོ།
|-
|
|ཚེ་ཡི་དངོས་གྲུབ་བླང་བ།
|
|
|
|-
|
|རང་གི་སྤྱི་བོར་སོགས་སྨན་སྦྱར།
|
|
|
|-
|
|མདུན་དུ་བདུད་རྩི་སྨན་གྱི་རྒྱ་མཚོ་སོགས་བསྙེན་དམིགས།
|
|
|
|-
|
|རྡོ་རྗེའི་གླུའི་མཆོད་པ།
|
|
|འདི་ནི་རྒྱུད་སྡེ་རིན་པོ་ཆེའི་རྡོ་རྗེའི་གསུང་བརྗོད་པ་ཙམ་གྱིས་བྱིན་ཆེན་འབེབ་པའི་དབྱངས་རྣམས་རིམ་པར་དཀྱུས་གཅིག་ཏུ་འཇམ་དཔལ་རྡོ་རྗེས་བསྡེབས།
|-
|
|རྫས་བྱིན་རླབས་ཁ་བསྒྱུར།
|
|
|
|-
|
|ལས་ཚོགས་འཁོར་ལོའི་དཔེའུ་རིས།
|
|
|
|-
|
|འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་སྒྲུབ་ཐབས།
|
|
|
|-
|
|འཇམ་དཔལ་གཟུངས་སྒྲུབ།
|
|
|བནྡེ་བློ་གྲོས་དྲི་མེད་པས། །གཞོན་ནུའི་དུས་སུ་བྲིས་པ་དགེ །ཟླ་ཚེས་ལའོ་དོན་ཡོད་དོ། །
|-
|
|རང་ཉིད་འཇམ་དཔལ་དམར་སེར་ཕྱག་བཞི་པ་གསལ་བ་ཡི་སོགས།
|
|
|དབོ་ཟླའི་ཚེས་བཟང་པོ་དང་པོར་བྲིས།
|}
[[Category:མི་སྣ།]]
[[category:བོད་ཀྱི་མཁས་དབང་།]]
[[Category:བོད་རིག་པ།]]
naeorij7li71i67bgo80vvfk6piixox