Wikipedia
dzwiki
https://dz.wikipedia.org/wiki/%E0%BD%98%E0%BC%8B%E0%BD%A4%E0%BD%BC%E0%BD%82%E0%BC%8D
MediaWiki 1.47.0-wmf.1
first-letter
Media
Special
Talk
User
User talk
Wikipedia
Wikipedia talk
File
File talk
MediaWiki
MediaWiki talk
Template
Template talk
Help
Help talk
Category
Category talk
TimedText
TimedText talk
Module
Module talk
Event
Event talk
གསང་ཆེན་ཆོས་འཁོར་མཐོ་རིམ་བཤད་གྲྭ།
0
9047
39706
2026-05-10T13:38:58Z
Sangchen Chokhor Buddhist College
13478
Created page with "== དཔལ་ལྡན་འབྲུག་པ་ངག་དབང་རྣམ་རྒྱལ་གྱི་ལོ་རྒྱུས་སྙིང་བསྡུས། == ༉ རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་སྐུ་དངོས་མིའི་སྐྱེ་བ་བཞེས་ཏེ་བྱོན་པའི་དཔལ..."
39706
wikitext
text/x-wiki
== དཔལ་ལྡན་འབྲུག་པ་ངག་དབང་རྣམ་རྒྱལ་གྱི་ལོ་རྒྱུས་སྙིང་བསྡུས། ==
༉ རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་སྐུ་དངོས་མིའི་སྐྱེ་བ་བཞེས་ཏེ་བྱོན་པའི་དཔལ་ལྡན་འབྲུག་པ་རིན་པོ་ཆེ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་པར་རྒྱལ་བའི་སྡེ་ཟེར་མཚན་སྙན་འཇིག་རྟེན་གསུམ་དུ་ཉི་མ་དང་ཟླ་བ་བཞིན་ཡོངས་སུ་གྲགས་ཏེ་ཡོད་པའི་སྐྱེས་མཆོག་དེ་ཉིད་རང་དོན་ཆོས་ཀྱི་སྐུའི་ངང་ལས་གཡོ་བ་མེད་རུང་། གཟུགས་སྐུ་ཆུ་ནང་གི་ཟླ་བ་ལྟར་ སེམས་ཅན་གྱི་དོན་ལ་བསམ་བཞིན་དུ་བྱོན་པ་དེ་ཡང་། ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་རྒྱུད་ལས།
བདུད་འཇོམས་རྡོ་རྗེ་ཞེས་བྱ་བ། །གསང་སྔགས་བསྟན་པའི་བདག་པོ་ཞིག །
ཐར་པར་འདྲེན་པའི་དེད་དཔོན་འབྱུང་། །ཞལ་མཐོང་ཙམ་གྱིས་ངན་འགྲོའི་སྐྱེ་སྒོ་གཅོད། །
ཅེས་དང་། སྟག་གཤམ་དགོངས་འདུས་ལས།
ནམ་མཁའི་སྙིང་པོ་རང་འོད་འབྲུག་གི་མཚན། །ངག་གི་མིང་ཅན་ལྷོ་རོང་ཕྱོགས་སུ་འབྱུང་། །
ངག་གི་མིང་ཅན་དྲག་སྔགས་གྲུབ་པ་འདིས། །མོན་ཁྲི་བཟུང་ནས་བོད་འབྲུག་གསོས་སུ་གྱུར། །
ཞེས་ ཡིད་ཆེས་པའི་ལུང་མང་པོས་གསལ་བར་ལུང་བསྟན་ཏེ་ཡོདཔ་བཞིན་དུ་ སྟོན་པའི་འདས་ལོ་ ༢༦༥༡ དབྱིན་ ལོ་ ༡༥༩༤ རབ་བྱུང་བཅུ་པའི་ཤིང་རྟ་ལོར་ ཡབ་དཔལ་ལྡན་འབྲུག་པའི་གདུང་བརྒྱུད་རིན་པོ་ཆེ་ མི་ཕམ་ བསྟན་པའི་ཉི་མ་དང༌། ཡུམ་བསོད་ནམས་དཔལ་གྱི་བུ་ཁྲིད་གཉིས་ཀྱི་སྲས་ལུ་ འབྲུག་སེ་བ་བྱང་ཆུབ་གླིང་ གི་གཞི་ཀ་མགར་གྲོང་ཟེར་སར་སྐུ་འཁྲུངས། དེ་ནས་དབྱིན་ལོ་༼༡༦༡༦༽ གི་ལོར་ཆིབས་ཁ་ལྷོ་རུ་ བསྒྱུར་ཏེ་ཙནྡན་བཀོད་པའི་ལྗོངས་འདིར་བྱོན། རྒྱལ་ཁབ་ཀྱི་ཕྱི་ནང་གསང་གསུམ་གྱི་ཕས་ཀྱི་རྒོལ་བ་ ཐམས་ཅད་ཚར་བཅད་དེ། ཆོས་སྲིད་ལུགས་གཉིས་ཀྱི་སྲོལ་བཟང་པོ་གཏོད་དེ་འབྲུག་རྒྱལ་ཁབ་མཐའ་དབུས་མེད་པ་དབང་བསྒྱུར་བར་མཛད་པའི་བཀའ་དྲིན་ལ་བརྟེན་ཏེ་ སྔར་ཡུལ་ལ་མོན་དང་ མི་ལ་མོན་པ་ ཟེར་སྲོལ་ཡོད་པ་འདི་ཡང་ དུས་དེ་ལས་བཟུང་ དཔལ་ལྡན་འབྲུག་པའི་ཆོས་ཀྱི་མིང་རྒྱལ་ཁབ་དང་མི་ལ་ བཏགས་ཏེ་ ཡུལ་ལ་འབྲུག་དང་མི་ལ་འབྲུག་པ་ཟེར་བའི་མིང་གཏམ་གང་ནི་ལས་སྙན་པ་སྦེ་འཛམ་གླིང་ རྒྱལ་ཁབ་ཡོངས་ལ་དར་ཁྱབ་སོང་འདུག དེ་ནས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་དེ་ཉིད་རིམ་གཉིས་ཀྱི་རྣལ་འབྱོར་ལ་བཞུགས་ན་ མཐའ་དམག་བཟློག་པའི་ཁར་བསྟན་པ་འཕེལ་ཞིང་ཡར་རྒྱས་འོང་བའི་ལུང་བསྟན་གནང་བ་མ་ཚད་ དཔལ་མགོན་ལྕམ་དྲལ་ ཆོས་སྲུང་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པས་ཀྱང་དེ་བཞིན་གསོལ་བ་བཏབ་པ་ལ་བརྟེན་ ཐུགས་དམ་རིམ་གཉིས་ཀྱི་ངང་ལ་བཞུགས་རྒྱུའི་ཐུགས་བཞེད་གནང་སྟེ། སྤྱི་ལོ་ ༡༦༥༡ དང་རབ་བྱུང་ ༡༡ པའི་ལྕགས་ཡོས་ཧོར་ཟླ་གསུམ་པའི་ཡར་ངོ་ཚེས་བཅུའི་དུས་ཆེན་ལ། བདག་ཅག་གི་སྐྱབས་མགོན་ གོང་མ་ཞབས་དྲུང་རིན་པོ་ཆེ་དེ་ཉིད་ཐུགས་དམ་ཟུང་འཇུག་ཆེན་པོའི་དབྱིངས་ལུ་བཞུགས་གནང་ནུག །
= ཞབས་དྲུང་གསུང་སྤྲུལ་རིམ་བྱོན་གྱི་སྐོར། =
གདུང་སྲས་སྐུ་ཕྲེང་གཉིས་པ་ཀུན་དགའ་རྒྱལ་མཚན་གྱི་སྐབས། སྐྱབས་མགོན་ཞབས་དྲུང་གི་སྐུ་གདུང་རིན་པོ་ཆེའི་མདུན་དུ་ སྤྲུལ་སྐུ་མྱུར་བྱོན་གྱི་གསོལ་བ་བཏབ་སྟེ་ཐུགས་དམ་གསང་རྒྱ་བརྟོལ་བའི་ཚེ། སྐུ་གདུང་རིན་པོ་ཆེའི་སྐུ་གསུང་ཐུགས་ལས་སྒྱུ་འཕྲུལ་རྣམ་པར་གསལ་བྱེད་ཀྱི་འོད་ཟེར་གསུམ་བཀྱེས་ནས། འབྲས་ལྗོངས་དང། དར་དཀར་ནང་། བོད་ཡུལ་གྲྭ་ནང་གསུམ་དུ་བབ་པ་ལས། སྐུའི་སྤྲུལ་པ་འབྲས་ལྗོངས་ རྒྱལ་པོའི་སྲས་སུ་འཁྲུངས་ཡང༌། དེའི་སྐབས་ནང་འཁྲུགས་ཀྱི་རྐྱེན་གྱིས་རྟེན་འབྲེལ་འཕྱུགས་ཏེ་གདན་སར་གདན་འདྲེན་མ་ཚུགས་པའི་བར། གཞོན་ནུའི་དུས་ནས་གཟུགས་སྐུ་དབྱིངས་སུ་བསྡུས་པས། དེ་ནས་བཟུང་སྐུའི་སྤྲུལ་པ་ཡོངས་གྲགས་སུ་མ་བྱོན་ནོ།། གསུང་སྤྲུལ་དང༌། ཐུགས་སྤྲུལ་སྐུ་ཕྲེང་རིམ་པ་བཞིན་དུ་བསྟན་འགྲོའི་དཔལ་ལ་བྱོན་པ་ལས། གསུང་གི་སྤྲུལ་པ་ན་རིམ་གྱི་སྐོར་ཞུ་བ་ལ།
==== '''གསུང་སྤྲུལ་དང་པ་ཕྱོགས་ལས་རྣམ་རྒྱལ་ནི།''' ====
འཁྲུངས་ཡུལ་དར་དཀར་བཀྲ་ཤིས་གཡང་རྩེའི་རྫོང་གི་ཉེ་འདབས་ ཉི་གདུགས་ཁར། ཡབ་ཤེས་རབ་བསྟན་འཛིན་དང་ཡུམ་ཀུན་དགའ་རྒྱལ་མོ་གཉིས་ཀྱི་སྲས་སུ་ རང་ལུགས་འདས་ལོ་ལྔ་བཅུ་ང་བརྒྱད་དང་ རབ་བྱུང་བཅུ་གཉིས་པའི་ས་བྱི་ སྤྱི་ལོ་༼༡༧༠༨༽ཀྱི་ལོར་འཁྲུངས། ཞལ་ལས་གསུང་ཐོག་མར་བྱོན་པའི་སྐབས་ ང་ངག་དབང་རྣམ་རྒྱལ་ཡིན་ཞེས་གསུངས་པ་དང་། འཇམ་དཔལ་རྡོ་རྗེ་བདག་གི་བུ་ཡིན་ཟེར་གསལ་བར་གསུངས་པ་ལ་བརྟེན་ སྐྱེ་བོ་ཀུན་གྱིས་ཞབས་དྲུང་རིན་པོ་ཆེ་སྐུ་དངོས་ཡིན་པའི་དད་པ་བསྐྱེད་དེ་ དགུང་ལོ་བརྒྱད་ལས་ སྡེ་སྲིད་བརྒྱད་པ་འབྲུག་རབ་རྒྱས་ཀྱིས་སྤྱན་དྲངས་ཏེ། གདན་སའི་གསེར་ཁྲིར་མངའ་གསོལ་མཛད་འདུག མཚན་ཞབས་དྲུང་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ་བ་ལས། ཕྱིས་ཀྱི་གསུང་སྤྲུལ་རིམ་བརྒྱུད་པ་རྣམས་ལ་ཡང་ཕྱོགས་ལས་སྤྲུལ་སྐུ་ཟེར་ཞུ་སྲོལ་དར་ཁྱབ་སོང་འདུག རྗེ་མཁན་བཟོད་པ་ཕྲིན་ལས་ཀྱི་ཞབས་ལས་སྡོམ་པའི་བསླབ་ཚིགས་དང༌། ཡོངས་འཛིན་བཟོད་པ་པད་དཀར་དང་། ཀོམ་འཕྲང་ཡེ་ཤེས་དངོས་གྲུབ་ལས་སྒྲ་དང་ཚད་མ་ལ་སོགས་པ་ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་སྤྱི་དང༌། ཁྱད་པར་དུ་ཤིན་ཏུ་ཐུན་མིན་རང་ལུགས་སྡོང་པོ་གསུམ་དྲིལ་གྱི་ཁྱད་ཆོས་རྣམས་བཤད་པས་གཏན་ལ་ཕབ་ཅིང༌། སྒྲུབ་པས་ཉམས་སུ་བཞེས་ཏེ་ཚིག་ཁྲིད་བློ་ལ་ཐེབས་པ། མྱོང་ཁྲིད་ཉམས་སུ་མྱོང་བ། དོན་ཁྲིད་རྒྱུད་ལ་སྐྱེས་པའི་སྒོ་ནས་རྣམ་གྲངས་མ་ཡིན་པའི་དོན་དམ་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། ལྷག་པར་མགྲིན་པའི་རྩ་མདུད་གྲོལ་ནས་ རྟོགས་པའི་མགུར་དབྱངས་འཁྲོལ་བ་སོགས་ སྙན་ཚིག་གི་རྣམ་འགྱུར་ཅི་དང་མི་མཉམ་པའི་གྲགས་པ་ཐོན། ལྷག་པར་དུ་རྗེ་འདིའི་དབང་ལུང་གསན་བསམ་གྱི་རིམ་པ་གཅིག་ཏུ་བསྡེབས་པའི་བསྟན་བཅོས་པོ་ཏི་གཅིག་གིས་གཙོས་ཆབ་ཤོག་གི་རིགས་མང་པོ་བརྩམས། དུས་ཚོད་འདི་ཡི་སྐབས་ སྡེ་སྲིད་འབྲུག་རབ་རྒྱས་དང་། སྤུངས་རྫོང་པ་ བསྟན་པ་དབང་ཕྱུག་གཉིས་ཀྱི་བར་ནང་འཁྲུགས་ཐོན། རྗེ་འདིའི་ཡོན་བདག་ཡོངས་གྲགས་སུ་སྡེ་པ་རྒྱ་བོར་གྲགས་པའི་ཕྱོགས་ལྷུང་ཅན་འདིས། རྒྱལ་སྲས་ཀུན་དགའ་རྒྱལ་མཚན་དང་ གཏེར་སྟོན་འབྲུག་སྒྲ་རྡོ་རྗེས་གཙོས་སྐྱེས་ཆེན་དམ་པ་རྣམས་དང་སྤུངས་རྫོང་བསྟན་པ་དབང་ཕྱུག་འཁོར་དང་བཅས་པ་རྩ་མེད་དུ་བཏང་བའི་རྣམ་སྨིན་མཐོང་ཆོས་སུ་སྨིན་པའི་དུས། རྗེ་འདིའང་གཞན་གྱི་ཞོར་བརྡབས་ལས་རེ་ཞིག་ཧད་གླང་ཆུ་ཚོན་བྱོལ་ཀྱང་རྗེས་ཟིན་ཏེ་སྐུ་མཉེལ་བྱུང་བས་ཐུགས་ཕམ་སྟེ་གསུང་ལས་ ངས་སྔར་བླ་མ་ཁག་ལྔ་པོ་ཡུལ་ནས་བཏོན་པའི་རྣམ་སྨིན་ཡིན་ཞེས་གསུངས་ནས་ཆོས་སྲིད་གཉིས་ཀའི་ཐུགས་འགན་གང་ཡང་མ་བཞེས་པར་བཞུགས་པའི་མཐར། དགུང་ལོ་ཉེར་དགུ་པ་མེ་འབྲུག་ སྤྱི་ལོ་༼༡༧༣༦༽ལོ་ལུ་སྐུ་གཤེགས་འདུག །
==== '''གསུང་སྤྲུལ་ལམ་ཕྱོགས་སྤྲུལ་གཉིས་པ་ཤཱཀྱ་བསྟན་འཛིན་ནི།''' ====
འཁྲུངས་ཡུལ་ཐིམ་གཞུང་དཀར་སྦིས་ འབྱུང་བཞི་ནང་དུ། རང་ལུགས་འདས་ལོ་བརྒྱད་ཅུ་ག་དྲུག་པ་རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ སྤྱི་ལོ་ ༼༡༧༣༦༽ལོར་འཁྲུངས། རྗེ་མཁན་པོ་ཤཱཀྱ་རིན་ཆེན་དང༌། ཡོངས་འཛིན་ཀུན་དགའ་རྒྱ་མཚོ་སོགས་ནས་སྡོམ་པའི་བསླབ་ཚིགས་ཀྱིས་གཙོས་མདོ་སྔགས་རིག་གནས་དང་བཅས་པའི་གསན་བསམ་དང༌། སྨིན་གྲོལ་གདམས་སྐོར་རྣམས་ལ་སྦྱངས་སྒོམ་གནད་དུ་བསྣུན་པར་མཛད་དེ་དོན་དམ་སེམས་ཀྱི་རྡོ་རྗེ་མངོན་དུ་གྱུར། མཁས་པ་དང་གྲུབ་པའི་སྙན་གྲགས་ཕྱོགས་ཀྱི་མཐའ་ལ་ཁྱབ་སྟེ་ རྒྱ་ནག་རྒྱལ་པོ་དང་ མཐུན་ལམ་བྱུང་སྟེ་ཕར་ཚུར་ལག་རྟགས་དང་ཡི་གེ་སོགས་གཏོང་ལེན་མཛད་གནང་ཡོད་པ་མ་ཟད། ལྷག་པར་དུ་རིན་སྤུངས་སྤྱི་བླ་དཀར་སྤེ་དོན་གྲུབ་ཀྱི་དབུ་བླ་མཛད་དེ་ སྤྱི་ལོ་༼༡༧༦༥༽འི་ལོར་ སྤ་གྲོ་གསང་ཆེན་ཆོས་འཁོར་གྱི་གདན་ས་གཙུག་ལག་ཁང་ཆེན་པོ་ཕྱག་བཏབ་སྟེ་སྤ་རོ་ལུང་པའི་མི་མང་ཡོངས་ལ་ཕན་པ་དང་བདེ་བའི་འགྲོ་དོན་རླབས་ཆེན་མཛད་གནང་བའི་ཁར། གཙང་མཁན་ཆེན་དཔལ་ལྡན་རྒྱ་མཚོ་ནས་བརྒྱུད་པའི་རགས་ཕུར་གྱི་གཞུང་ཆོག་ཁྲིགས་སུ་མཛད་པ་ལས་ ཕུར་པ་གསང་འཁོར་པའི་ ལུགས་ཟེར་བ་ཡ་དེ་ནས་ཡོངས་གྲགས་སོང་འདུག ཕྱིས་ཧད་བྱག་ནག་སྡིངས་ཁའི་གདན་ས་ཕྱག་བཏབ་པའི་མཐར། དགུང་ལོ་ཞེ་ལྔ་པ་ལྕགས་བྱི་ སྤྱི་ལོ་༼༡༧༨༠༽འི་ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག །
==== '''གསུང་སྤྲུལ་གསུམ་པ་ཡེ་ཤེས་རྒྱལ་མཚན་ནི།''' ====
འཁྲུངས་ཡུལ་ཐིམ་རྫོང་ཆ་འོག་ ཝང་ཡུལ་ ཁ་གསར་ ཁར། རང་ལུགས་འདས་ལོ་ཆིག་བརྒྱ་སོ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་གླང་ སྤྱི་ལོ་ ༼༡༧༨༡༽ གི་ལོར་འཁྲུངས། མཁན་ཤེས་རབ་སེང་གེ་ལས་བསླབ་ཚིགས་སྔ་མ་གཉིས་དང་སྨིན་གྲོལ་ཐོར་བུ། ཡོངས་འཛིན་འཇམ་དབྱངས་རྒྱལ་མཚན་ལས་བསླབ་ཚིགས་ཕྱི་མས་གཙོས་མདོ་སྔགས་རིག་གནས་ཀྱི་གསན་བསམ་དང༌། སྨིན་གྲོལ་གདམས་པས་ཐུགས་རྒྱུད་སྨིན། དགུང་ལོ་ཉེར་བདུན་ལ་ མཁན་ཁྲི་ཉི་ཤུ་པའི་གོ་གནས་ལོ་བཞི་བཟུང་ནས་བསྟན་པ་བསྐྱངས། དེ་ནས་སྡེ་ཁྲིར་བྱོན། རྒྱ་ནག་རྒྱལ་པོ་ དང་སྐུ་གོང་མ་ཤཱཀྱ་བསྟན་འཛིན་རྣམ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་གུས་བསྐུར་ཡོད་པ་ལས་བརྟེན། ཕྱོགས་ལས་རྒྱ་ནག་ལ་གདན་འདྲེན་ཞུས་ཏེ། རྒྱ་ནག་རྒྱལ་པོ་དང་མཆོད་ཡོན་གྱི་འབྲེལ་བ་རྒྱ་ཆེར་བྱུང་བའི་ཁར་ རྒྱ་ནག་རྒྱལ་པོས་འབུམ་གསེར་བྲིས་མ་ལ་སོགས་པའི་འབུལ་བ་གཏོས་ཆེན་དང་ གཟེངས་བསྟོད་ཀྱི་གོ་གནས་ཀྱང་ཕུལ་གནང་། དེ་ནས་གསང་ཆེན་ཆོས་འཁོར་གྱི་གདན་སར་བྱོན་ བཞུགས་པའི་མཐར། དགུང་ལོ་ལྔ་བཅུ་བཞེས་པའི་ལྕགས་སྟག་ སྤྱི་ལོ་༼༡༨༣༠༽ལོར་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ།
==== ''' གསུང་སྤྲུལ་བཞི་པ་འཇིགས་མེད་རྡོ་རྗེ་ནི།''' ====
འཁྲུངས་ཡུལ་བུམ་ཐང་སྟང་ལ། རང་ལུགས་འདས་ལོ་ཆིག་བརྒྱ་ག་གཅིག་དང་རབ་བྱུང་བཅུ་བཞི་པའི་ལྕགས་ཡོས་༼༡༨༣༡༽གི་ལོར་སྐུ་འཁྲུངས། གཞུང་ལྷན་ནས་ གོང་མའི་གདན་སར་སྤྱན་དྲངས་ཏེ་གསེར་ཁྲི་མངའ་གསོལ་མཛད། རྗེ་མཁན་ཤེས་རབ་རྒྱལ་མཚན་ནས་བསླབ་ཚིགས་གཉིས་དང་སྨིན་གྲོལ་གྱི་བདུད་རྩི་བཞེས་ཏེ། གོང་མའི་གདན་ས་གསང་སྔགས་ཆོས་འཁོར་དང་། ཀུན་སྣང་འོད་གསལ་གཉིས་སུ་སྐུ་ཡོན་གསན་སྦྱོང་མཛད་བཞུགས་བཞིན་པའི་མཐར། དགུང་གྲངས་ཉི་ཤུ་པ་ལྕགས་ཁྱི་སྤྱི་ལོ་༼༡༨༥༠༽ལོར་མཚན་དཔེའི་ཟླ་ཚེས་ནམ་མཁར་ཡལ།
==== '''གསུང་སྤྲུལ་ལྔ་པ་ཡེ་ཤེས་དངོས་གྲུབ་ནི།''' ====
འཁྲུངས་ཡུལ་བུམ་ཐང་སྡེ་བཞིའི་ནང་ཚན་སྟངས་ལ། རང་ལུགས་འདས་ལོ་ཉིས་བརྒྱ་བཅུ་མེད་གཅིག་དང་རབ་བྱུང་བཅུ་བཞི་པའི་ལྕགས་ཕག་ སྤྱི་ལོ་ ༼༡༨༥༡༽གི་ལོར་འཁྲུངས། གཞུང་ནས་གདན་འདྲེན་ཏེ་གོང་མའི་གདན་ས་ལ་མངའ་གསོལ་མཛད། རྗེ་མཁན་ཡོན་ཏན་རྒྱལ་མཚན་དང༌། ཡོངས་འཛིན་ངག་དབང་དོན་ལྡན་སོགས་ལས་བསླབ་ཚིགས་ནས་བཟུང་མདོ་སྔགས་རིག་གནས་དང༌། སྨིན་གྲོལ་གདམས་པའི་གནད་རྣམས་བཅུད་དུ་སྨིན་པར་མཛད། གསང་ཆེན་ཆོས་འཁོར་གྱི་གདན་ས་བཟུང་ནས་སྤ་རོའི་ལུང་པ་རྣམས་སུ་ཁྲིད་ཐེངས་བཅུ་གསུམ་ཙམ་གནང་བའི་སྒོ་ལས་གདུལ་བྱ་བསྐྱངས། རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་དགུང་ལོ་ང་གསུམ་བཞེས་སྐབས་སྡེ་ཁྲིར་བྱོན། དགུང་ལོ་ང་དྲུག་བཞེས་དུས་སྡེ་ཁྲི་ལས་དགོངས་ཞུས་མཛད་ནས་དབེན་པར་བྱོན། དེ་ཡི་སྐབས་ སྤ་གྲོ་ཀུན་དགའ་ཆོས་གླིང་གི་གདན་ས་བཏབ། སླར་དགུང་ལོ་རེ་ལྔར་སོན་པའི་ཚེ་ཡང་རྗེ་མཁན་ ཁྲི་རབས་ང་གསུམ་པའི་ཁྲིར་བྱོན། མཁན་ཁྲི་ལོ་གཉིས་བཟུང་བའི་མཐའ་རུ། དགུང་ལོ་རེ་བདུན་བཞེས་པའི་མེ་སྦྲུལ་ སྤྱི་ལོ་༼༡༩༡༧༽ལ་ཁྲི་ཐོག་ལ་བཞུགས་བཞིན་པར་གཤེགས།
==== '''ཕྱོགས་སྤྲུལ་དྲུག་པ་འཇིགས་མེད་བསྟན་འཛིན་ནི།''' ====
འཁྲུངས་སའི་ཡུལ་ཏ་ལོ་གསང་སྔགས་ཆོས་གླིང་གི་གཙུག་ལག་ཁང་དང་ཉེ་བའི་མཚམས་ཁང་ནང་ལ། ཡབ་གདོང་དཀར་ལའི་སྤྲུལ་སྐུ་སངས་རྒྱས་བསྟན་འཛིན་དང་ ཡུམ་ ཞབས་དྲུང་འཇིགས་མེད་རྡོ་རྗེའི་སྤུན་མཆེད་ཆེ་བ་ཨ་ཞེ་རྡོ་རྗེ་དབང་མོ་གཉིས་ཀྱི་སྲས་སུ་ རང་ལུགས་འདས་ལོ་ཉིས་བརྒྱ་རེ་དགུ་པ་རབ་བྱུང་བཅོ་ལྔ་པའི་ས་ལུག་གི་ལོར་དགེ་མཚན་དུ་མའི་ལྟས་བཟང་པོ་དང་བཅས་ཏེ་སྐུ་འཁྲུངས། དགུང་ལོ་གསུམ་བཞེས་པ་ན་ སྔོན་གནས་རྗེས་དྲན་གྱི་གསུང་གསལ་བར་གསུངས་པ་ལས་ མི་ཐམས་ཅད་ཡིད་ཆེས་ཀྱི་གནས་སུ་གྱུར། དགུང་ལོ་ལྔར་བཀྲ་ཤིས་ཆོས་རྫོང་གི་དབུ་རྩེའི་ནང་། ཞང་པོ་ཞབས་དྲུང་རིན་པོ་ཆེ་འཇིགས་མེད་རྡོ་རྗེའི་སྐུ་མདུན་ལ་ཁྲི་མངའ་གསོལ་མཛད། དེ་ནས་རང་གི་མེས་པོ་མཁས་མཆོག་ ཀུན་དགའ་རྒྱལ་མཚན་ནམ་སྐུ་མཚམས་གོས་སེར་པོས་ཡོངས་འཛིན་མཛད་དེ། གོང་མའི་གདན་ས་གསང་ཆེན་ཆོས་འཁོར་ལ་དགུང་ལོ་བཅུ་བཞིའི་རིང་བསྐྱེད་ཆོག་གི་ཕྱག་ལེན་དང་དཔལ་ལྡན་འབྲུག་པའི་ཆོས་སྐོར་གསན་བསམ་མཛད། ཨ་ཞང་ཞབས་དྲུང་རིན་པོ་ཆེ་འཇིགས་མེད་རྡོ་རྗེའི་ཞབས་ལས་ འབྲུག་ལུགས་ཀྱི་དབང་ཁྲིད་གདམས་ངག་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་གྲུབ། བསྟན་པའི་ཆག་རྐྱེན་ལས་ ཨ་ཞང་ཞབས་དྲུང་རིན་པོ་ཆེ་དགོངས་པ་རྫོགས། གསང་ཆེན་ཆོས་འཁོར་མེས་ཚིག། པ་གྲོ་དཔོན་སློབ་ ཚེ་རིང་དཔལ་འབྱོར་གིས་སྡང་བའི་དགྲ་བཞིན་གཟིགས་ཏེ་བཞུགས་པས་ དགུང་ལོ་བཅོ་ལྔ་ལས་བོད་ཕྱོགས་སུ་སྐུ་ཟུར་བྱོན་དགོས་པ་བྱུང་། བོད་ཀྱི་གནས་རྣམས་རིམ་པ་བཞིན་དུ་གཟིགས་ཏེ་ ལྗང་རྩེའི་ཕྱོགས་སུ་བཞུགས་པའི་སྐབས། གོང་གཟིམས་ བསོད་ནམས་སྟོབས་རྒྱས་ཀྱིས་ཀ་སྤུངས་ལ་གདན་འདྲེན་ཏེ་དེར་བཞུགས། སླར་འབྲུག་ལུ་བྱོན། ཧད་ ཤེལ་དཀར་བྲག་ལ་ ཡབ་ལས་བཀའ་འགྱུར་གྱི་ལུང་དང་ཕྱག་ཆེན་སོགས་ཞུ་སྟེ་ ཧད་འབྱུང་གནས་བྲག་ལ་ལོ་གསུམ་ཕྱོགས་གསུམ་གནང་། ལོ་ངོ་བརྒྱད་ཙམ་གྱི་རིང་སྐུ་མཚམས་བཞུགས་པའི་སྐབས་སུ་ཡང་ དཔོན་སློབ་ཚེ་རིང་དཔལ་འབྱོར་གྱིས་ ཞབས་དྲུང་གི་གཞི་ནོར་ཁང་གསུམ་འཕྲོག་བཅོམ་བྱས་རུང་ ད་དུང་ ཡིད་མི་ཚིམ་པར་ཕྱོགས་ལས་སྤྲུལ་སྐུ་ལ་མ་རངས་པར་བཞུགས་པས། གསུང་སྤྲུལ་རིན་པོ་ཆེ་སླར་ཀ་སྤུངས་སུ་བྱོན་ཏེ་སྤོས་སྡོང་དགོན་པར་བཞུགས་གདན་བཅགས་ཏེ་གདུལ་བྱའི་མཐའ་མ་བསྐྱངས། གོང་གཟིམས་གྱིས་མི་དབང་འཇིགས་མེད་དབང་ཕྱུག་དང་མཇལ་ཏེ་ཕྱོགས་ལས་སྤྲུལ་སྐུ་སླར་འབྲུག་ཏུ་བྱོན་ཆོག་པའི་གནང་བ་ཞུ་དོན་ལྟར་བཀའི་གནང་བ་གྲོལ་ཏེ། ཧ་སྟི་ས་ནས་བརྒྱུད་ཀྲོང་གསར་མང་སྡེ་ཀུན་ དགའ་རབ་བརྟན་ལ་བྱོན། དེ་ཁར་ཞག་ཁ་ཤས་བཞུགས་པའི་སྐབས་ཕྱི་ལྟར་ཚད་པའི་ནད་ཀྱིས་བསྙུན་ཐེབས་པའི་ཚུལ་བསྟན་ཀྱང་། ནང་ལྟར་སྙིགས་མའི་འགྲོའི་རང་གཤིས་ངན་པས་ཐུགས་སུན་ཏེ་ ཀྲོང་གསར་སྟག་རྩེ་དགོན་པར་བྱོན་ཏེ། གསུང་གི་མཐའ་མ་ངེད་ཀྱི་གདུལ་བྱ་དེ་ཙམ་གྱིས་རྫོགས་པ་ཡིན། ད་ནི་ སྐྱེ་བ་ཡང་མི་ལེན་ཟེར་ཞལ་ཆེམས་རྒྱས་པར་གསུངས་ཏེ་དགུང་གྲངས་སོ་གཅིག་བཞེས་པའི་ས་གླང་སྤྱི་ ལོ་༼༡༩༤༩༽འི་རང་ཟླ་ ༥ པའི་ཚེས་ ༡ ལ་གཟུགས་སྐུ་ཞི་བའི་དབྱིངས་སུ་ཐིམ།
'''དྲན་གསོ།''' སྔོན་ཕྱོགས་ལས་ཤཱཀྱ་བསྟན་འཛིན་གྱིས་བཞེངས་གནང་མི་ལྷ་ཁང་ཐོག་གསུམ་པ་ནང་རྟེན་དང་བཅས་པ་ འདི་ སྤྱི་ལོ་ ༡༩༣༢ ལ་ཕངས་སི་སི་འབད་མེ་ལྷའི་ཞལ་དུ་ཚུད་དེ་ཐལ་བར་བརླགས་ཚར་འདུག ཨིན་རུང་ ཤུལ་ལས་རིན་སྤུངས་སྤྱི་བླ་རྟ་མགྲིན་གྱིས་འགོ་འདྲེན་ཐོག་ཕྱོགས་ལས་ཡེ་ཤེས་དངོས་གྲུབ་ཀྱི་སློབ་མ་ཚུ་ གིས་ཉམས་གསོ་ལེགས་པར་ཞུས་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་འཕགས་ཅན་ལེ་ཤ་བཞུགས་སུ་གསོལ་ཏེ་གྲུབ་སྟོན་རབ་གནས་ཀྱང་རྒྱས་ཤིང་རྒྱས་པར་མཛད་གནང་འདུག དེ་ཡང་དབྱིན་ལོ་ ༡༩༧༠ དོན་གྲངས་ཤིག་ན་མེ་མཆོད་བཞེས་ནུག དེ་ལས་ལྷ་ཁང་མེ་མཆོད་བཞེས་པའི་སྐབས་ཀྱི་རྫོང་དཔོན་དོའུ་དཀྲུགས་ཟེར་མི་འདི་གིས་ལྷ་ཁང་གི་མཆོད་གཞི་ལས་ཟད་འགྲོན་བཏང་སྟེ་ལྷ་ཁང་ཐོག་གཅིག་མ་གཅིག་ བཞེངས་ཡོད་རུང་འདི་ནང་མཆོད་མེ་ཕུལ་མི་སྐུ་གཉེར་ཟེར་ཡང་མེད་པར་ཚར་གཅིག་བསྟན་པ་ཉམས་སག་སག་རང་འགྱོ་ནུག ཨིན་རུང་ང་བཅས་རང་བསོད་ནམས་བྲེ་གིས་རྫོགས་རུང་ཕུལ་གྱིས་མི་རྫོགས་ཟེར་དོ་བཟུམ་ད་ལྟ་རང་རེའི་མིག་གི་ཡུལ་དུ་མཇལ་ནི་ཡོད་པའི་བཤད་གྲྭ་འདིའི་སྐོར་མདོར་བསྡུས་ཙམ་ཞུ་ན།
==== '''ཞིང་གཤེགས་དྲག་ཤོས་ཨྱོན་རྡོ་རྗེ་མཆོག།''' ====
མི་དབང་རྒྱལ་ཡུམ་ལྷན་རྒྱས་རྣམས་ཀྱི་ཡབ་ཞིང་གཤེགས་དྲག་ཤོས་ཨྱོན་རྡོེ་དང་ འགུབ་ལྷན་སྐྱེས་རྒྱལ་མཚན་གཉིས་བསྟུན་བགྲོས་མཛད་དེ་ དབྱིན་ལོ་༡༩༨༠༽འི་ལོ་ལས་བཟུང་ཕྱོགས་ལས་ཀྱི་གདན་ས་ གསང་ཆེན་ཆོས་འཁོར་གྱི་རྫོང་ཉམས་གསོའི་ཕྱག་ལས་འགོ་བཙུགས། དབྱིན་ལོ་ ༡༩༩༡ གི་ལོར་ སུམ་ཅུ་རྩ་གསུམ་ལྷའི་ཕོ་བྲང་རྣམ་རྒྱལ་ཁང་བཟང་སའི་སྟེང་ན་བབས་པ་ལྟ་བུའི་གཙུག་ལག་ཁང་གང་བས་མཛེས་པ་འདི་བཞེངས་གནང་འདུག
'''དཔལ་ལྡན་འབྲུག་པའི་གདན་ས་གསང་ཆེན་ཆོས་འཁོར།'''
སྐུ་རྟེན་གྱི་རིགས་ སྟེང་ཐོག་བླ་མའི་ལྷ་ཁང་གི་ནང་དུ་ཞབས་དྲུང་རིན་པོ་ཆེ་དང་ཕྱོགས་ལས་སྤྲུལ་སྐུ་རིམ་བྱོན་གྱི་སྐུ་འབག་བྱིན་ཅན་ཚེ་ལྷ་རྣམ་གསུམ་ཀྱི་སྐུ་འདྲ་ རྒྱལ་ཆེན་རྣམ་ཐོས་སྲས་དང་ཚེ་རིང་མཆེད་ལྔའི་སྐུ་འདྲ་སོགས་མང་པོ་ཡོད། ཐོག་འོག་མའི་ནང་མི་དབང་རྒྱལ་བཙུན་ལྷན་རྒྱས་རྣམས་ཀྱིས་སྦྱིན་བདག་མཛད་དེ་རྒྱུ་གསེར་ཟངས་ལས་གྲུབ་པའི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྣང་བརྙན་ཆེན་པོ་ཐོག་ཚད་མས་གཙོས་ སྤྲུལ་པའི་གུ་རུ་མཚན་བརྒྱད། སྤྱན་རས་གཟིགས། རྒྱལ་བ་བྱམས་པ་ལ་སོགས་པའི་སྐུ་རྟེན་གྱི་རིགས་ ཞལ་མཇལ་བ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་གཅོད་དེ་ཐར་པའི་ས་བོན་རྒྱུད་ལ་བསྐྲུན་ནུས་པའི་བྱིན་རླབས་ཅན་རྣམས་ཀྱི་གཟུངས་གཞུག་གདུང་རིང་བསྲེལ་ལ་སོགས་པའི་རིགས་ ༧སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་ཁྲི་རབས་ ༧༠ པ་འཇིགས་མེད་ཆོས་གྲགས་མཆོག་གིས་ཕུལ་གནང་འདུག། གཡས་ཕྱོགས་སུ་དཔལ་མགོན་ལྕམ་དྲལ་གྱི་མགོན་ཁང་བརྗིད་ཉམས་ཅན་དང་། ལྷ་ཁང་གོང་འོག་གཉིས་ཀྱི་གྱང་ངོས་སུ་ཐུབ་དབང་གནས་བཅུ་དང་བཀྲ་ཤིས་ཚེ་རིང་མ་ལ་སོགས་པའི་ལྡེབས་རིས་གསེར་རིས་ཅན་རྣམས་ཀྱང་ལྷ་བྲིས་མཁས་མཆོག་ཚོས་བཞེངས་གནང་ཡོད་པ་མ་ཚད་ མཆོད་ཆས་དང་མཆོད་རྫས་ཀྱི་རིགས་ ཡབ་ཞིང་གཤེགས་རང་གི་སྐུ་སྒེར་ཕྱག་མཛོད་ནས་ཟད་འགྲོན་ཕངས་མེད་བཏང་སྟེ་ གཙུག་ ལག་ཁང་ཕྱི་ཁྱམས་དང་བཅས་རྩ་བ་ནས་ཉམས་གསོ་ལེགས་པར་གྲུབ་པའི་དགའ་སྟོན་རབ་གནས་རྟེན་འབྲེལ་འདི་ཡང་དབྱིན་ལོ་ ༡༩༩༡ ཟླ་ ༥ པའི་ཚེས་ ༢༨ རང་ལུགས་ས་ག་ཟླ་བའི་ཡར་ཚེས་ ༡༥ འི་དུས་ཆེན་དང་བསྟུན་ འབྲུག་གི་སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༦༩ པ་ ཞིང་གཤེགས་དམ་པ་དགེ་འདུན་རིན་ཆེན་མཆོག་གདན་འདྲེན་ཞུས་སྟེ་བཀྲ་ཤིས་པའི་རབ་གནས་རྒྱས་ཤིང་རྒྱས་པ་ཉིན་གྲངས་གསུམ་གྱི་རིང་གནང་སར་ སྐུ་མགྲོན་གྱི་གཙོ་བོ་སྤྱི་ནོར་དམ་པ་མི་དབང་འབྲུག་རྒྱལ་བཞི་པ་དང་མི་དབང་རྒྱལ་བཙུན་ལྷན་རྒྱས་སྲས་སྲོས་དང་བཅས་ཆིབས་བསྐྱོད་གནང་ཡོད་པ་མ་ཚད་ མི་དབང་མངའ་བདག་རྒྱལ་པོའི་ཞབས་ལས་ རབ་གནས་ཀྱི་རྟེན་འབྲེལ་མཛད་སྒོ་ཉིན་གསུམ་པར་ ཡབ་རྗེ་ཞིང་གཤེགས་དྲག་ཤོས་ཨྱོན་ རྡོ་རྗེ་ལ་དཔོན་གཉིས་སྐལ་མའི་གོ་གནས་འབུ་རས་དམར་པོ་དཔའ་རྟགས་བཅས་གནང་འདུག ཡབ་རྗེ་ མཆོག་ལ་སྔར་ནས་ཐུགས་འདོད་ཡོད་པ་ལྟར་ ཕན་བདེའི་གཞི་མ་རྒྱལ་བའི་བསྟན་པ་ཡུན་རིང་གནས་པའི་ཐབས་སུ་ཐུགས་བཞེད་རྒྱ་ཆེ་ས་ལས་བཞེས་ཏེ་ གསང་ཆེན་ཆོས་འཁོར་གྱི་གནས་ཆེན་འདིར་ ཐོག་མར་དགེ་སློང་ཞལ་གྲངས་ ༢༥ བྱས་པའི་བཤད་གྲྭ་ཞིག་ དབྱིན་ལོ་ ༡༩༩༡ ཟླ་ ༥ པའི་ཚེས་ ༢༨ རང་ ལུགས་ས་ག་ཟླ་བའི་ཡར་ཚེས་ ༡༥འི་དུས་ཆེན་དང་བསྟུན་གཞི་བཙུགས་གནང་བའི་ཉིན་ཐོག་མའི་ཆོས་ ཐུན་ཡང་ ༧སྐྱབས་རྗེ་དགེ་འདུན་རིན་ཆེན་དཔལ་བཟང་པོའི་ཞབས་ནས་ཤེས་རབ་འཕེལ་བའི་ཐབས་ རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་གང་བློ་མའི་ཐོག་ནས་གནང་བ་དེ་ནས་བཟུང་ད་ཚུན་གྱི་རིང་དགེ་འདུན་པའི་ཞལ་གྲངས་ལོ་རེ་བཞིན་དུ་ཡར་སེང་སོང་སྟེ་ རིག་གནས་གཞུང་ལུགས་དང་བཅས་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ལས་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་དཔལ་ལྡན་འབྲུག་པའི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ལས་དར་ཤིང་རྒྱས་ཏེ་གནས་ཡོད་མི་འདི་ཡང་ གཙོ་བོ་འབྲུག་རྒྱལ་ཁབ་འདི་ནང་ཞི་བདེ་དང་དགའ་སྐྱིད་བྱུང་ཐབས་ལུ་དུས་ནམ་ཡང་རྣམ་དཀར་དགེ་བའི་ཕྱག་ལས་གནང་ནི་ལུ་ཐུགས་ཀྱི་གདིང་ལས་རང་སྤྲོ་བ་དཔག་ཏུ་མེད་པར་བཞེས་བཞུགས་མི་ཡབ་རྗེ་ ཞིང་གཤེགས་དམ་པ་དྲག་ཤོས་ཨྱོན་རྡོེའི་སྐུ་དྲིན་ཉག་ཅིག་ཡིན་པར་ཁུམས་སོ།།
ཞེས་པའང་རང་ལུགས་ ལྕགས་བྱི་ཟླ་དྲུག་པའི་ཡར་ཚེས་བཞིའི་ཉིན་བདེན་བཞི་ཆོས་འཁོར་བསྐོར་བའི་དུས་ཚོད་བཟང་པོར་སྒྲིག་པ་པོ་ནི་ཕྲན་ཟླ་བ་ནོར་བུའོ།།
ཤར་རི་ཡི་རྩེ་ལས་ཤར་བའི། །མདངས་ཆེ་བའི་དཀར་གསལ་ཟླ་བ། །ལྷོ་འཛམ་གླིང་མུན་པའི་སྨག་རུམ། །
མ་ལུས་པ་སེལ་བའི་ཆེད་དུ། །ནུབ་རྒྱ་མཚོ་བསྲུབས་ལས་བྱུང་བ། །སྤྱིར་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས། །
བྱང་ཁ་བའི་ལྗོངས་ནས་འཁྲུངས་པའི། །བྱིན་ཆེ་བའི་ངག་དབང་རྣམ་རྒྱལ། །ལྷོ་མོན་པ་ཡོངས་ཀྱི་སྐྱིད་སྡུག །
མ་ལུས་པ་སེལ་བའི་ཆེད་དུ། །ཐུགས་བྱམས་བརྩེའི་ངང་ནས་བྱོན་པ། །ནང་འབྲུག་མི་ཡོངས་ཀྱི་བསོད་ནམས། །
བཀའ་དྲིན་ཆེ།
4i7qb87xyjjgwcsmh05l9hkgnmwo5rl