Wikipedia dzwiki https://dz.wikipedia.org/wiki/%E0%BD%98%E0%BC%8B%E0%BD%A4%E0%BD%BC%E0%BD%82%E0%BC%8D MediaWiki 1.48.0-wmf.4 first-letter Media Special Talk User User talk Wikipedia Wikipedia talk File File talk MediaWiki MediaWiki talk Template Template talk Help Help talk Category Category talk TimedText TimedText talk Module Module talk Event Event talk ནོར་བུ་བསི་ལི། 0 9212 40242 2026-11-13T05:03:11Z Kheng Singye Dorji (KSD) 9274 Created page with "== '''ནང་དོན་བཅུད་བསྡུས།''' == རྭཝ་གཅིག་འབད་མི་[./Https://en.wikipedia.org/wiki/Indian_rhinoceros ནོར་བུ་བསི་ལི་འདི་] ལྷོ་ཨེ་ཤི་ཡ་ལུ་སྐྱེས་མི་ སྔོ་ཤིང་ཟ་མི་ དུད་འགྲོ་སེམས་ཅན་སྦོམ་ཅིག་ཨིན། ནོར་བུ་བསི་ལི་འད..." 40242 wikitext text/x-wiki == '''ནང་དོན་བཅུད་བསྡུས།''' == རྭཝ་གཅིག་འབད་མི་[./Https://en.wikipedia.org/wiki/Indian_rhinoceros ནོར་བུ་བསི་ལི་འདི་] ལྷོ་ཨེ་ཤི་ཡ་ལུ་སྐྱེས་མི་ སྔོ་ཤིང་ཟ་མི་ དུད་འགྲོ་སེམས་ཅན་སྦོམ་ཅིག་ཨིན། ནོར་བུ་བསི་ལི་འདི་ལུ་ རྭཝ་གཅིག་དང་ དམག་ཆས་བཟུམ་སྦེ་ ལྤགས་ཀོ་ དེ་ལས་ རྩྭ་ཐུང་གི་སྐྱེ་ལྡན་རིམ་ལུགས་གསོ་བའི་ཐོག་ལས་ བདག་འཛིན་འཐབ་ནི་ལུ་ ཁག་ཆེཝ་ལས་བརྟེན་ ཡོངས་གྲགས་ཅན་ཅིག་ཨིན། == '''ངོ་སྤྲོད།''' == རྒྱ་གར་གྱི་ རྭཝ་གཅིག་འབད་མི་ ནོར་བུ་བསི་ལི་ཟེར་མི་འདི་ ཨེ་ཤི་ཡའི་ས་ཐོག་ལུ་ཡོད་པའི་ ཨོམ་འཐུང་མི་སྲོག་ཆགས་སྦོམ་ཤོས་ཅིག་ཨིན། དེ་ཡང་ ལྷ་པ་གུར་ རྭཝ་ནགཔོ་གཅིག་དང་ གྱོན་ཆས་བཟུམ་སྦེ་ མཐོང་མི་པགས་ཀོ་སྦོམ་སྦེ་ ཡོད་མི་ཅིག་ཨིན།  ནོར་བུ་བསི་ལི་འདི་ ངོ་མ་ར  ང་ རྩྭ་ཐང་དང་ རླནམ་ ཆུ་ཡོད་ས་གི་ས་ཆ་ དེ་ལས་ ཆུ་གཡུར་གྱི་ས་ཁོངས་ཚུ་ནང་ སྡོད་དོ་ཡོདཔ་ཨིན། ནོར་བུ་བསི་ལི་གིས་ རྩྭ་དང་ འདབ་མ་ ཤིང་འབྲས་ དེ་ལས་ ཆུ་ནང་སྐྱེས་མི་ སྔོ་ཤིང་ཚུ་ ཟ་དོ་ཡོདཔ་ཨིན་པས། ད་རེས་ནངས་པར་ གཙོ་བོ་རྒྱ་གར་དང་ བལ་ཡུལ་ལུ་ མཐོངམ་ཨིན། ཉམས་སྲུང་འབད་མི་ལུ་བརྟེན་ མི་རློབས་ཡར་སེང་འགྱོ་ཡོད་རུང་ ད་ལྟོ་ཡང་ སྡོད་གནས་མེདཔ་ཐལ་མི་དང་ ཁྲིམས་འགལ་ཐོག་ལས་ རྭཝ་གི་དོན་ལུ་ ཤ་བདའ་མི་ལུ་བརྟེན་ ཉེན་ཁ་ཡོདཔ་ཨིན་པས། རྭཝ་གཅིག་འབད་མི་ ནོར་བུ་བསི་ལི་འདི་གིས་ སྐྱེ་ལྡན་གནས་སྟངས་ལེགས་ཤོམ་སྦེ་ བདག་འཛིན་འཐབ་ནི་ལུ་ ཁག་ཆེཝ་ཨིནམ་མ་ཚད་ རི་དྭགས་སེམས་ཅན་ཉམས་སྲུང་འབད་ནི་ལུ་ ཁག་ཆེ་བའི་རྟགས་མཚན་ཅིག་ཡང་ཨིན་མས། == '''ཁུངས་དང་རྒྱབ་རྟེན།''' == ནོར་བུ་བསི་ལི་འདི་ འགོ་ཐོག་དང་པ་ མི་ངོམ་ ག་གིས་ཡང་ གསར་འཚོལ་འབད་འབདཝ་ཅིག་མེན། ཨིན་རུང་ སྤྱི་ལོ་ ༡༧༥༨ ལུ་ ཀཱར་ལི་ ལི་ནཱི་ཡུས་ གིས་ རྭཝ་གཅིག་འབད་མི་གི་ འགྲེལ་བཤད་རྐྱབ་མི་ ཚན་རིག་གི་མིང་ཅིག་ཨིན། ས་གནས་ཀྱི་དབྱེ་བ་འདི་ཡང་ ཁོ་གིས་ ཨཱཕ་རི་ཀཱ་དང་ རྒྱ་གར་ལུ་ བརྡ་སྟོན་འབད་ནུག།  དེ་ཡང་ ཨཕ་རི་ཀ་དང་ ཨེ་ཤི་ཡ་ལུ་ ལོ་ངོ་ ས་ཡ་ལས་བཅད་དེ་ གནས་ཏེ་ཡོདཔ་ལས་ རྒྱལ་རབས་བྲིས་ མ་ཚར་བའི་ཧེ་མ་ལས་ར་ ས་གནས་ཀྱི་མི་ཆ་ཁྱབ་ཀྱིས་ ཤེས་རྟོགས་བྱུང་ཡོདཔ་ཨིན། ཨིན་རུང་བཤད་མི་ན་ དང་ཕུའི་དུས་ལུ་ རྒྱ་གར་དང་ ཨཕ་རི་ཀ་ དེ་ལས་ ཤར་ལྷོ་ ཨེ་ཤི་ཡ་གི་མི་ཆ་ཁྱབ་ཀྱིས་ ནོར་བུ་བསི་ལི་འདི་ རང་བཞིན་གནས་སྟངས་ཀྱི་ཆ་ཤས་ཅིག་སྦེ་ ཧེ་མ་ལས་རང་ ཤེས་ཏེ་ ཡོདཔ་ཨིན། དེ་ཚུ་ རྒྱ་གར་དང་ རྒྱ་ནག་གི་ སྒྱུ་རྩལ་དང་ ལོ་རྒྱུས་ཚུ་ནང་ འཐོན་དོ་ཡོདཔ་ཨིན་པས། ནུབ་ཕྱོགས་འཛམ་གླིང་ནང་ལུ་ འགྲེལ་བཤད་འགོ་དང་པ་རང་ གི་རིཊ་ (Greek) གི་རྩོམ་བྲིས་པ་ ཅི་ཊིས་སིས་གི་ སི་ནི་ཌུས་ (Ctesias of Cnidus) གིས་ བྲིས་ཡོདཔ་ད་ ཁོ་གིས་ རྒྱ་གར་ལུ་ ཡོད་པའི་སེམས་ཅན་ཅིག་གི་སྐོར་ལས་ བྲིས་ཡོདཔ་ཨིན་མས། ཁོ་གི་འགྲེལ་བཤད་འདི་ ཆ་ཚང་སྦེ་ ངེས་བདེན་ཅིག་མེན་རུང་ ཡུ་རོབ་ཀྱི་ རྒྱབ་རྟེན་འགོ་དང་པ་ཅིག་ཨིན། ཤུལ་ལས་ རང་བཞིན་གྱི་བྱུང་རབས་མཁས་པ་ ཨེ་རིཤི་ཊོལ་ལི་ (Aristotle) དང་  པེ་ལཱེ་ནི་ ཨཱིལ་ཌར་ (Pliny the Elder) ཆ་ཁྱབ་ཀྱིས་ཡང་ སྙན་ཞུ་ལུ་ གཞི་བཞག་སྟེ་ ནོར་བུ་བསི་ལི་བཟུམ་གྱི་ སེམས་ཅན་ཚུ་གི་སྐོར་ལས་ བཤད་དེ་ཡོདཔ་ཨིན། ཤུལ་ལས་ དེང་སང་གི་ཚན་རིག་ནང་ལུ་ ནོར་བུ་བསི་ལི་འདི་ཚུ་ དུས་རབས་ ༡༨ པའི་ནང་ ཀཱར་ལི་ ལཱན་ནཱི་ཡུས་ (Carl Linnaeus) གིས་ ལེགས་ཤོམ་སྦེ་ དབྱེ་བ་ཕྱེ་སྟེ་ ཚན་རིག་གི་མིང་ཚུ་ཡང་ བཏགས་ནུག། == '''དབྱེ་ཁག།''' == སྤྱིར་བཏང་འཛམ་གླིང་ནང་ ནོར་བུ་བསི་ལི་ལུ་ རྒྱ་གར་གི་ རི་ནོ་སི་རཱོས་ རྭཝ་གཅིག་ (one horn) ཇཱ་ཝཱན་རི་ནོ་སི་རཱོས་ རྭཝ་གཅིག་ (one horn)  དཀརཔོ་རི་ནོ་སི་རཱོས་ རྭཝ་གཉིས་(Two horns)   བི་ལེཊ་རི་ནོ་སི་རཱོས་ རྭཝ་གཉིས་ (Two horns) སི་མཱཊ་རེན་ རི་ནོ་སི་རཱོས་ རྭཝ་གཉིས་ (Two horns) ཚུའི་དབྱེ་ཁག་ཡོདཔ་ཨིན། ཨིན་རུང་ རི་ནོ་སི་རཱོས་ (Rhinoceros unicornis) རྭཝ་གཅིག་ཅན་གྱི་ ནོར་བུ་བསི་ལི་ ཟེར་སླབ་མི་འདི་ རྒྱ་གར་དང་ བལ་ཡུལ་ལུ་ རྐྱངམ་གཅིག་མཐོང་ཚུགསམ་ཨིན། === '''གཟུགས་དང་ གཟུགས་ཀྱི་མཐོ་ཚད།''' === ནོར་བུ་བསི་ལི་གི་ གཟུགས་ཀྱི་རིང་ཚད་མི་ཊར་ ༣–༣.༨ (ཕིཊ་ ༡༠-༡༢.༥) དང་ ཕྱག་ལྟག་གི་མཐོ་ཚད་མི་ཊར་ ༡.༧–༢  (ཕིཊ་ ༥.༦-༦.༦) ཡོད། ལྗིད་ཚད་ ཕོ་ལུ་ ཀེ་ཇི་ ༢༢༠༠-༣༠༠༠ དང་ མོ་ལུ་ ༡༦༠༠-༢༠༠༠ གི་བར་ན་ཡོད། མགུ་ཏོ་འདི་ རིང་ཚད་ ཁ་མཆུ་ལས་ མགུ་ཏོ་གི་རྒྱབ་ཚུན་ མི་ཊར་ ༠.༨ ལས་ ༡.༠ དེ་ཅིག་ཡོད། རྭཝ་ནགཔོ་གཅིག་ ཀེ་ར་ཀྲིང་ keratin གིས་བཟོ་ཡོདཔ་ད་ རིང་ཚད་འདི་ སྤྱིར་བཏང་ལུ་ སེན་ཊི་མི་ཊར་ ༢༠ ལས་ ༦༠ (ཕིཊ་༨-༢༤) གི་བར་ན་ཡོདཔ་ཨིན། མཇུག་མ་གི་རིང་ཚད་ སེན་ཊི་མི་ཊར་ ༦༠-༩༠ (ཕིཊ་ ༢༤-༣༥) འོངམ་ཨིན། པགས་ཀོ་འདི་ རང་བཞིན་གྱི་དམག་ཆས་བཟུམ་སྦེ་མཐོང་མི་ པགས་ཀོ་སྦོམ་དང་ ཚོས་གཞི་སྐྱ་བོ་དང་ རྒྱ་སྨུག་སྦེ་ ཡོདཔ་ཨིན། གཟུགས་ཀྱི་ལྗིད་ཚད་དང་ ཤ་གནད་ཅན་དང་ རྐངམ་ཐུང་ཀུ་སྦེ་ སྒྲིང་སྒྲི་ཡོད། མགུ་ཏོ་སྦོམ་ མིག་ཏོ་ཆུང་ཀུ་དང་ རྣམ་ཅོ་ཆུང་ཀུ་ དེ་ལས་ རྩྭ་ཟ་ནིའི་དོན་ལུ་ ཁ་ རྒྱ་ཆེཝ་སྦེ་ཡོདཔ་ཨིན། རྐངམ་རེ་ལུ་ རྐང་མཛུབ་གསུམ་རེ་ ས་གཞི་འཇམ་པོ་གུར་ འགྱོ་ནིའི་དོན་ལུ་ མཐུན་སྒྲིག་འབད་ཡོདཔ་ཨིན། འདི་བཟུམ་གྱི་ཁྱད་རྣམ་ཚུ་གིས་ རྭཝ་གཅིག་འབད་མི་ ནོར་བུ་བསི་ལི་འདི་ རྩྭ་ཐང་དང་ རློནམ་ ཆུ་ཡོད་ས་ དེ་ལས་ ནགས་ཚལ་གྱི་ སྡོད་གནས་ཚུ་ནང་ གནས་ཚུགས་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། === '''ས་གནས་དང་ས་ཁོངས།''' === ནོར་བུ་བསི་ལི་འདི་ མང་ཤོས་ར་ ལྷོ་ ཨེ་ཤི་ཡ་ རྒྱ་གར་ (ཨ་སམ། ནུབ་བེང་གཱལ།) བལ་ཡུལ་ (ཆིཊ་ཝན་ བར་ཌི་ཡ་རྒྱལ་ཡོངས་གླིང་ག) རྩ་ཐང་དང་ ཆུ་རུད་ཐོན་སའི་ས་ཁོངས་ དེ་ལས་ གཙང་ཆུའི་ཉེ་འདབས་ལུ་ ཡོད་པའི་ནགས་ཚལ་ཚུ་ནང་ སྡོདཔ་ཨིན། འདམ་དང་ ཆུའི་ཉེ་འགྲམ་གྱི་ ཚ་དྲོད་དང་ ཚ་དྲོད་ཆུང་བའི་ནགས་ཚལ་ནང་འོངམ་ཨིན། རྭཝ་གཅིག་འབད་མི་ སེམས་ཅན་འདི་ རྩྭ་རིངམོ་སྦེ་ ཡོད་སའི་ས་ཆ་ལུ་ མཐོངམ་ཨིན། ནོར་བུ་བསི་ལི་འདི་ མང་ཤོས་ཅིག་ ཕྱི་རུ་ནུབ་མོ་ལུ་ ཁྱུ་འབད་ར་ འཐོན་དོ་ཨིན་མས། འབྲུག་ལུ་འབད་བ་ཅིན་ ནོར་བུ་བསི་ལི་འདི་ རྒྱལ་འཛིན་མ་ནཱས་ རྒྱལ་ཡོངས་གླིང་ག་ནང་ ཉུང་ཤོས་ཅིག་སྦེ་ མཐོངམ་ཨིན། འདི་ཡང་ གཞལ་སྒང་རྫོང་ཁག་ནང་ལུ་ ཡོདཔ་ཨིན། ནུབ་ཕྱོགས་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ ནོར་བུ་བསི་ལི་ཚུ་ རང་བཞིན་གྱི་ཐོག་ལས་ སྡོད་ནི་མེདཔ་ཨིན། ནོར་བུ་བསི་ལི་འདི་ ཨཕ་རི་ཀ་དང་ ཨེ་ཤི་ཡ་ལུ་ རྐྱངམ་གཅིག་ལུ་ མཐོང་དོ་ཡོདཔ་ཨིན། ནུབ་ཕྱོགས་རྒྱལ་ཁབ་ཚུ་ནང་ ནོར་བུ་བསི་ལི་འདི་ སྲོག་ཆགས་གླིང་ག་དང་ རི་དྭགས་གླིང་ག་ དེ་ལས་ ཉམས་སྲུང་རིགས་རྒྱུད་ལྟེ་བ་ཚུ་ནང་ རྐྱངམ་གཅིག་ མཐོང་ཚུགས་དོ་ཡོདཔ་ལས་ ཤེས་ཡོན་དང་ ཉམས་སྲུང་ལས་རིམ་ཚུ་ལུ་ རྒྱབ་སྐྱོར་འབདཝ་ཨིན་མས། ནུབ་ཕྱོགས་ཀྱི་ ནོར་བུ་བསི་ལི་ནགཔོ་ ཟེར་མི་འདི་ ནུབ་ཕྱོགས་ཨཕ་རི་ཀ་ལུ་སྡོད་མི་ རིགས་སྣ་ཆུང་བ་ཅིག་ ཨིན་རུང་ སྤྱི་ལོ་ ༢༠༡༡ ལུ་ ཤ་བདའ་མི་ལུ་བརྟེན་ རབས་ཆད་ཡོདཔ་སྦེ་ གསལ་བསྒྲགས་འབད་ནུག། === '''གྲངས་རློབས།''' === འཛམ་གླིང་ནང་ལུ་ རྭཝ་གཅིག་འབད་མི་ ནོར་བུ་བསི་ལི་གྱི་གྲངས་རློབས་འདི་ རི་ཁར་ ༤༠༠༠ ལས་ ༤༡༠༠ གི་བར་ན་ ཡོདཔ་སྦེ་ཨིན་ལས་ མང་ཆེ་བ་འདི་ནང་ལུ་ མཐོང་ཚུགས། རྒྱ་གར་ལུ་ འབད་བ་ཅིན་ ནོར་བུ་བསི་ལི་ ༣༢༠༠ ལས་ ༣༣༠༠ དེམ་ཅིག་ (འཛམ་གླིང་གི་གྲངས་རློབས་བརྒྱ་ཆ་ ༨༠ དེ་ཅིག) དང་  བལ་ཡུལ་ལུ་  ༧༥༠ ལས་ ༨༠༠ དེ་ཅིག་ཡོད་སྦེ་ སླབ་ཨིན་པས། འབྲུག་ལུ་ཡང་ མི་རློབས་ཆུང་ཀུ་སྦེ་ ཡོདཔ་ད་ དེ་ཡང་ འཕྲལ་འཕྲལ་སྐབས་ རྒྱ་གར་ལས་ ས་མཚམས་བདའ་སྟེ་ འགྱོ་དོ་ ཡོདཔ་ཨིན་རུང་ འབྲུག་ལུ་ ད་ལྟོ་ཡང་ གཏན་འཇགས་ཀྱི་ གྲངས་རློབས་སྦོམ་ཅིག་ མེདཔ་ཨིན་པས། ཉམས་སྲུང་འབད་ནི་གི་དོན་ལུ་ བརྩོན་ཤུགས་བསྐྱེད་མི་ལུ་བརྟེན་ ནོར་བུ་བསི་ལི་གི་རིགས་སྣ་འདི་ སྤྱི་ལོ་ ༡༩༠༠ ལོ་གྲངས་ནང་ གྱངས་ཁ་ ༢༠༠ ལས་ཉུངམ་ཅིག་ལས་ ད་རེས་ ༤༠༠༠ ལྷགཔ་ཅིག་ལུ་ ལོག་ཐོབ་སྟེ་ ཡོདཔ་ཨིན། ཨིན་རུང་ ཤ་བདའ་མི་དང་ སྡོད་གནས་ མེདཔ་འགྱོ་ནི་གི་ཉེན་ཁ་ལས་བརྟེན་ ཉེན་ཁ་ཅན་ནང་ ཡོདཔ་ཨིན་པས། === '''ཚེའི་འཚོ་བའི་འཁོར་རིམ།''' === ནོར་བུ་བསི་སི་གི་འཚོ་བའི་འཁོར་རིམ་འདི་ མོ་གིས་ ཟླཝ་ ༡༥ ལས་ ༡༦ དེ་ཅིག་གི་རིང་ མངལ་ཆགས་པའི་ཤུལ་ལས་ ཕྱུ་གུ་གཅིག་སྐྱེཝ་ཨིན། ཕྱུ་གུ་གི་གནས་རིམ་ ལོ་ ༠–༣ གི་ ཕྱུ་གུ་འདི་ ཨའི་དང་ གཅིག་ཁར་ སྡོད་ཞིནམ་ལས་ ཨོམ་འཐུང་སྟེ་ བཞེས་སྒོ་འཚོལ་ཐངས་དང་ ཉེན་ཁ་ལས་ བཀག་ཐབས་འབད་ཐངས་ཚུ་ ལྷབ་དོ་ཡོདཔ་ཨིན། གཞོནམ་གི་གནས་རིམ་ ལོ་ ༣ ལས་ ༦ གི་བར་ན་ ཆུང་ཀུ་འདི་ རང་དབང་ཅན་སྦེ་ འགྱོ་སྟེ་ རང་སོའི་གནས་སྟངས་ནང་ སྡོད་ནི་འགོ་བཙུགསཔ་ཨིན། རྒས་ཤོས་ཀྱི་གནས་རིམ་འདི་ ཕོ་སྐྱེས་ཚུ་ ལོ་ ༤ ལས་ ༦ གི་བར་ན་ རྒས་ཤོས་འགྱོ་དོ་ཡོདཔ་ད་ ཕོ་སྐྱེས་ཚུ་ ལོ་ ༧ ལས་ ༡༠ གི་བར་ན་ རྒས་ཤོས་འགྱོ་དོ་ཡོདཔ་ཨིན་མས། རྒས་ཤོས་ཚུ་གིས་ འཁྲིག་སྦྱོར་འབད་དེ་ ཕྱུ་གུ་བཙུགསཔ་ཨིན། ལོ་ན་རྒས་ཤོས་ རི་ཁའི་རྭཝ་གཅིག་འབད་མི་ ནོར་བུ་བསི་ལི་འདི་ ལོ་ ༣༥ ལས་ ༤༠ གི་བར་ན་ སྡོད་ཚུགས་དོ་ཡོདཔ་ད་ ལ་ལུ་ཅིག་ལེགས་ཤོམ་སྦེ་ བདག་འཛིན་འཐབ་སྟེ་ ལོ་ ༤༥ ལས་ ༥༠ གི་བར་ན་ སྡོད་ཚུགས་དོ་ཡོདཔ་ཨིན། === '''འཚོ་བའི་བཟའ་འཐུང་དང་ དུས་ཚོད་ཀྱི་གནས་སྟངས།''' === ནོར་བུ་བསི་ལི་འདི་ སྔོ་ཤིང་ཟ་མི་ཅིག་ཨིནམ་ལས་ སྔོ་ཤིང་རྐྱངམ་གཅིག་ཟ་དོ་ཡོདཔ་ཨིན། དེ་ཚུ་གི་ ཟས་རིགས་གཙོ་བོ་འདི་ རྩྭ་ཚུ་ཟ་ནི་དང་ ཆུ་འཐུང་ནི་ལུ་ དགའ་ཤོས་ཅིག་ཨིན། དེ་ཡང་ ལྕུག་གུ་དང་ ཡན་ལག་ ཤིང་ལས་འབབ་པའི་ཤིང་འབྲས་ཚུ་ཟཝ་མ་ཚད་ གཙང་ཆུ་དང་ རློན་སའི་ས་ཁོངས་ནང་ སྐྱེ་བའི་རྩི་ཤིང་ ལོ་ཐོག་གི་སྔོ་ཤིང་ དཔེར་ན་ ཆུམ་དང་ གེ་ཟ་ཚུ་ སོ་ནམ་ཞིང་ཁ་ནང་ འཛུལ་བ་ཅིན་  ནོར་བུ་བསི་ལི་གཅིག་གིས་ ཉིནམ་རེ་ལུ་ སྔོ་ཤིང་ཀེ་ཇི་ ༤༠ ལས་ ༦༠ གི་བར་ན་ ཟ་ཚུགས།  སྤྱིར་བཏང་ལུ་ རྩྭ་ཐང་དང་ ནགས་ཚལ་ དེ་ལས་ རློན་གཤེར་ས་ཁོངས་ཚུ་ནང་ བཟའ་འཐུང་འབདཝ་ཨིནམ་ད་ དེ་བསྒང་ ཁ་གི་མཆུ་ སྒྲིང་སྒྲིང་ཡོད་མི་ཚུ་ ལག་ལེན་འཐབ་སྟེ་ སྔོ་ཤིང་ཚུ་ འཛིན་བཟུང་འབད་དེ་ འཐེན་དོ་ཡོདཔ་ཨིན་པས། ནོར་བུ་བསི་ལི་ཚུ་ གནམ་དགུན་བསིལ་དྲོད་ཆེཝ་ཨིན་རུང་ ཆུ་གི་སྦོ་ལོགས་ཁར་སྡོདཔ་ཨིན། དྲོད་བཏགས་ནིའི་དོན་ལུ་ འདབ་རྫབ་ལག་ལེན་འཐབ་ཨིན། དེ་ལས་ དྲོ་པ་གནམ་མེད་ས་མེད་ གྱང་བ་ཅིན་ གཟུགས་གཡོ་འགུལ་ཨ་ཙི་རེ་ འབདཝ་ཨིན། ས་ཆ་ གནམ་མེད་ས་མེད་ གྱང་ས་ ཡང་ཅིན་ ཁཝ་འབབ་པའི་ལུང་ཕྱོགས་ནང་ སྡོད་མི་ཚུགས་དོ་ཡོདཔ་ཨིན་པས། ཨིན་རུང་ གནམ་དགུན་གྱི་ཟླཝ་ཚུ་ནང་ མངམ་སྦེ་ མཐོང་ཚུགསཔ་ཨིན། === '''རྭཝ་གི་ལན་ལེན་དང་རྩི་མཐོང་།''' === ནོར་བུ་བསི་ལི་གི་ རྭཝ་འདི་ ཚན་རིག་གི་ཐོག་ལས་ སྨན་གྱི་ཁེ་ཕན་མེདཔ་ཨིན་མས། འདི་ཡང་ ངོ་མ་རང་ མི་གི་སྐྲ་དང་ མཛུབ་མོ་ཚུ་ནང་ རྒྱན་ཆ་སྦེ་ ལག་ལེན་འཐབ་ཨིན། མི་ཆ་ཁྱབ་ཀྱིས་ ནོར་བུ་བསི་ལི་གི་ རྭཝ་འདི་ དམིགས་དོན་སོ་སོ་ཚུ་གི་དོན་ལུ་ ལག་ལེན་འཐབ་སྟེ་ཡོདཔ་ཨིན། ལམ་སྲོལ་ལ་ལུ་ཅིག་ནང་ རང་ལུགས་ཀྱི་སྨན་རིགས་ནད་གཞི་ཚུ་ སྨན་བཅོས་འབད་ཚུགས་པའི་ ཚན་རིག་གི་སྒྲུབ་བྱེད་མེད་རུང་ ལག་ལེན་འཐབ་སྟེ་ཡོདཔ་ཨིན།  དེ་འབདཝ་ལས་ ནོར་བུ་བསི་ལི་གི་ རྭཝ་འདི་ ལམ་སྲོལ་དང་ བྱུང་རབས་ཀྱི་ ལག་ལེན་ཡོད་རུང་ ཚན་རིག་གིས་ སྨན་རིགས་ཀྱི་རྩི་མཐོང་མེདཔ་རུང་ ཉམས་སྲུང་འབད་ནི་འདི་ ཁོང་གི་ཚེ་སྲོག་གནས་ཐབས་ལུ་ ཁག་ཆེ་ཤོས་ཅིག་ཨིན། རྒྱལ་ཁབ་མང་ཤོས་ཅིག་ནང་ རྭཝ་ ལག་ལེན་འཐབ་མི་འདི་ ཁྲིམས་འགལ་གྱི་ལཱ་ཅིག་ཨིནམ་ད་ དེ་ཡང་ ནོར་བུ་བསི་ལི་གི་ རྭཝ་གི་རིགས་ཚུ་ལུ་ ཉེན་ཁ་སྦོམ་སྦེ་ར་ འབྱུང་དོ་ཡོདཔ་ལས་ཨིན་མས། རྭཝ་གི་དོན་ལུ་ ཤ་བདའ་མི་འདི་གིས་ ནོར་བུ་བསི་ལི་གི་རིགས་སྣ་ལེ་ཤ་ཅིག་ རབས་ཆད་ནི་གི་ཉེ་འདབས་ལུ་ ལྷོད་དེ་ཡོདཔ་ཨིན། === '''སྔར་སྲོལ་གྱི་སྨན་བཅོས།''' === རང་ལུགས་ཀྱི་ཡིད་ཆེས་ལ་ལུ་ཅིག་ནང་ དམིགས་བསལ་གྱིས་ ཨེ་ཤི་ཡ་གི་ས་གནས་ཚུ་ནང་ ནོར་བུ་བསི་ལི་གི་རྭཝ་འདི་ ཚ་བ་ཡང་ན་ ཌི་ཊོས་ detox མགུ་ ན་མི་དང་ ན་ཟུག་ཚུ་ སེལ་ཚུགས་མི་སྨན་བཅོས་ཅིག་ཨིན  མ་མ་ཚད་  དེ་ལས་ སྟོབས་ཤུགས་ ཡང་ན་ ནུས་ཤུགས་ཚུ་ འཕེལ་ནི་ལུ་ ཕན་ཐོགསཔ་ཨིན། ཨིན་རུང་  གསོ་བའི་ཞིབ་འཚོལ་ནང་ ནད་གཞི་དང་ ཚ་བ་ ཀེན་སར་ དེ་ལས་ གཞན་མི་གནས་སྟངས་ཚུ་ སྨན་བཅོས་འབད་ནི་ལུ་ སྨན་གྱི་ནུས་པ་མེདཔ་སྦེ་ མཐོང་ཡོདཔ་ཨིན་པས། དེ་ལུ་དམིགས་བསལ་གྱི་ སྨན་བཅོས་རྫས་སྦྱོར་མེད། ཨིན་རུང་ སྔར་སྲོལ་གྱི་སྨན་བཅོས་གཞན་ཡང་ དུག་གི་རིགས་དང་ ནད་གཞི་ཚབས་ཆེན་ཚུ་ བཅོས་དོ་ཡོདཔ་ཨིན། == '''འོང་འབབ་དང་ཉེས་ཆད།''' == ནོར་བུ་བསི་ལི་གི་རྭཝ་འདི་ འཕྲལ་འཕྲལ་སྐབས་ ཁྲིམས་འགལ་ཐོག་ལས་ ནག་ཚོང་ཁྲོམ་ཚུ་ནང་ལས་ཕར་ ཉོ་བཙོང་འཐབ་དོ་ཡོདཔ་ད་ འདི་ཡང་ གཙོ་བོ་ར་ སྨན་གྱི་གནས་གོང་དང་ ཡང་ཅིན་ གནས་རིམ་གྱི་གནས་གོང་ཡོདཔ་སྦེ་ ཡིད་ཆེས་བསྐྱེད་མི་ལུ་བརྟེན་ཏེ་ ཨིན་མས། ཁྲིམས་འགལ་གྱི་ ཚོང་ལས་འདི་ རང་ལུགས་གསོ་རིག་གི་ཡིད་ཆེས་ནང་  ལུང་ཕྱོགས་ལ་ལུ་ཅིག་ནང་ གནས་རིམ་གྱི་རྟགས་མཚན་ ཡང་ན་ གསོལ་རས་ཀྱི་དགོས་མཁོ། གོང་ཚད་མཐོ་དྲགས་ཡོདཔ་ལས་ ཤ་བདའ་མི་ཚུ་གིས་ ཁྲིམས་འགལ་ཐོག་  ནོར་བུ་བསི་ལི་བསད་དེ་ རྭཝ་ཚུ་ གསང་བའི་ཐོག་ལས་ ནག་ཚོང་འཐབ་དོ་ཡོདཔ་ཨིན། ཚོང་པ་མང་ཤོས་ཅིག་གིས་ ཁྲིམས་འགལ་གྱི་ཡོངས་འབྲེལ་ལག་ལེན་འཐབ་སྟེ་ ས་མཚམས་བདའ་སྟེ་ སྤོ་བཤུད་འབདཝ་ཨིན། གལ་ཆེའི་ཁྲིམས་ལུགས་ཀྱི་གནས་ཚུལ་ནང་ རྒྱལ་སྤྱིའི་རི་དྭགས་སྲོག་ཆགས་ཁྲིམས་ལུགས་ཀྱི་འོག་ལུ་ རྒྱལ་སྤྱིའི་རྭཝ་གི་ཚོང་འབྲེལ་འདི་ བཀག་ཆ་འབད་ཡོདཔ། ཨེ་ཤི་ཡ་དང་ ཨཕ་རི་ཀ་ཚུ་རྩིས་ཏེ་ རྒྱལ་ཁབ་མང་ཤོས་ནང་ ཉེས་ཆད་དམ་དྲགས་ཡོདཔ་ཨིན་པས། ཁྲིམས་འགལ་ཐོག་ལས་ རྭཝ་ཉོ་མི་དང་ བཙོང་མི་ ཡང་ན་ བདག་འཛིན་འཐབ་མི་ཆ་ཁྱབ་ལུ་ ཉེས་བྱ་སྦོམ་དང་ བཙོན་ཁྲིམས་ཕོག་འོང་། དེ་འབདཝ་ལས་ ཁྲིམས་འགལ་གྱི་ ཚོང་ལས་འདི་ བཟོ་སྟེ་ཡོད། ནོར་བུ་བསི་ལི་གི་ རྭཝ་འདི་ ཁྲིམས་འགལ་གྱི་ཚོང་ཅིག་འབདཝ་ལས་ འཐོབ་ནི་ཡང་ལཱ་ཁག་ཡོད་ བཀྲམ་སྤེལ་འབད་མི་ཡང་ ཉུང་སུ་ཅིག་ཡོདཔ་མ་ཚད་ སྨན་རིགས་ཅིག་ཨིནམ་ལས་བརྟེན་ གོང་ཡང་མཐོ་དྲགས་སྦེ་ སླབ་ཨིན་མས། == '''མཇུག་བསྡུས།''' == ནོར་བུ་བསི་ལི་འདི་ དབང་ཚད་ཅན་དང་ ཁག་ཆེ་བའི་ རི་དྭགས་སེམས་ཅན་ཅིག་ཨིནམ་ལས་ སྐྱེ་ལྡན་རིམ་ལུགས་ཀྱི་ འདྲ་མཉམ་བཞག་ནི་ལུ་ འགན་ཁུར་གཙོ་བོ་ཅིག་ འབགཔ་ཨིན་པས། རྩྭ་ ཟ་མི་ཅིག་ འབདཝ་ལས་ རྩྭ་དང་ སྔོ་ཤིང་ཚུ་ ཟ་སྟེ་ སྔོ་ཤིང་བཟོ་ནི་ལུ་ ཕན་ཐོགས་ཡོདཔ་ལས་ འདི་གིས་ སྐྱེ་ལྡན་རིགས་སྣ་ལུ་ རྒྱབ་སྐྱོར་འབདཝ་ཨིན། རྭཝ་གཅིག་འབད་མི་ ནོར་བུ་བསི་ལི་བཟུམ་གྱི་རིགས་ཚུ་ ལྷོ་ཨེ་ཤི་ཡ་ལུ་ དམིགས་བསལ་གྱིས་ ཁག་ཆེ་ཤོས་ཅིག་ཨིནམ་ད་ དེ་ཡང་ སྔར་སྲོལ་གྱི་ སྨན་བཅོས་འབདཝ་ལས་ འབྲེལ་བ་སྦོམ་སྦེ་ ཡོདཔ་ཨིན་པས། ཨིན་རུང་ སེམས་ཅན་འདི་ཚུ་ལུ་ ཉེན་ཁ་སྦོམ་སྦེ་ར་ འབྱུང་དོ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ སྡོད་གནས་མེདཔ་ཐལ་མི་དང་ ཁྲིམས་འགལ་ཐོག་ལས་ རྭཝ་འཚོལ་མི་ལས་བརྟེན་ཨིན་པས། འདི་ལུ་བརྟེན་ ནོར་བུ་བསི་ལི་མང་ཤོས་ཅིག་རང་ ཉམས་ནི་གི་ཉེན་ཁ་ཡོདཔ་ལས་ ཉམས་སྲུང་འབད་ནི་ལུ་ བརྩོན་ཤུགས་སྦོམ་སྦེ་ར་ བསྐྱེད་དགོཔ་འདུག། ནོར་བུ་བསི་ལི་ཚུ་ ཉམས་སྲུང་འབད་ནི་དེ་ སྐྱེ་ལྡན་རིགས་སྣའི་དོན་ལུ་རྐྱངམ་གཅིག་མེན་པར་ མ་འོངས་པའི་མི་རབས་ཚུ་གི་དོན་ལུ་ རང་བཞིན་གྱི་སྲོལ་རྒྱུན་ཚུ་ ཉམས་སྲུང་འབད་ནིའི་དོན་ལུ་ཡང་ ཁག་ཆེཝ་ཅིག་ཨིན་པས། འདི་ནང་ལས་རང་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ ནོར་བུ་བསི་ལི་གི་གྱངས་ཁ་འདི་ ཉུང་ཤོས་ཅིག་ཨིནམ་ལས་ སྲུང་སྐྱོབ་འབད་ནི་འདི་ ཁག་ཆེཝ་ཅིག་ཨིན། [[Category:Rhinoceros]] [[Category:Animals in Bhutan]] [[Category:Animal]] [[Category:ནོར་བུ་བསི་ལི།]] ts73aqmdyeevjo3ukxxpy6y61ok1xbs ནགས་ཚལ་ལག་ལེན་འཐབ་ཐངས་ཀྱི་སྐོར། 0 9213 40243 2026-11-13T05:43:58Z Kheng Singye Dorji (KSD) 9274 Created page with "== ངོ་སྤྲོད། == འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ལུ་ དཔལ་འབྱོར་གོང་འཕེལ་དང་ མཐའ་འཁོར་ཉམས་སྲུང་གཉིས་ འདྲ་མཉམ་སྦེ་ མཐར་འཁྱོལ་ཅན་ཅིག་སྦེ་ བཟོ་ཚུགས་པའི་ རྒྱལ་ཁབ་དག་པ་ཅིག་གི་..." 40243 wikitext text/x-wiki == ངོ་སྤྲོད། == འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ལུ་ དཔལ་འབྱོར་གོང་འཕེལ་དང་ མཐའ་འཁོར་ཉམས་སྲུང་གཉིས་ འདྲ་མཉམ་སྦེ་ མཐར་འཁྱོལ་ཅན་ཅིག་སྦེ་ བཟོ་ཚུགས་པའི་ རྒྱལ་ཁབ་དག་པ་ཅིག་གི་གྲས་ལས་ གཅིག་ཨིན་པས། རྒྱལ་ཁབ་ཀྱི་ས་ཆ་ བརྒྱ་ཆ་ ༧༠ ལྷགཔ་ཅིག་ [./Https://en.wikipedia.org/wiki/Forestry_in_Bhutan ནགས་ཚལ་ཚུ་]གིས་ ཁྱབ་སྟེ་ཡོདཔ་ལས་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ ནགས་ཚལ་མང་ཤོས་ཡོད་པའི་ རྒྱལ་ཁབ་ཚུ་གི་གྲས་ལས་ གཅིག་ཨིན་པས། འབྲུག་གི་རྩ་ཁྲིམས་ཆེན་མོ་ནང་ དུས་རྒྱུན་དུ་ རྒྱལ་ཁབ་ཀྱི་ ས་ཆ་ཡོངས་བསྡོམས་ལས་ ཉུང་ཤོས་བརྒྱ་ཆ་ ༦༠ དེ་ཅིག་ ནགས་ཚལ་གྱི་འོག་ལུ་ བཞག་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས། ནགས་ཚལ་ཚུ་གིས་ འབྲུག་མི་ཆ་ཁྱབ་ཀྱི་མི་ཚེ་ནང་ བཟའ་འཐུང་དང་ ས་སྣུམ་ ཤིང་ཆ་ གཙང་ཆུ་ སྨན་རིགས་ དེ་ལས་ འཚོ་བའི་གནས་སྟངས་ཚུ་ བྱིན་དོ་ཡོདཔ་ལས་ ནགས་ཚལ་ཚུ་གིས་ ཁག་ཆེ་བའི་འགན་ཁུར་འབག་དོ་ཡོདཔ་ཨིན་པས། དེ་མ་ཚད་ སྐྱེ་ལྡན་རིགས་སྣ་ལུ་ རྒྱབ་སྐྱོར་འབད་ནི་དང་ གནམ་གཤིས་འགྱུར་བ་མར་ཕབ་འབད་ནི་ དེ་ལས་ རྒྱལ་ཁབ་ཀྱི་རང་བཞིན་མཛེས་ཆ་ཚུ་ ཉམས་སྲུང་འབད་ནི་ཚུ་ཨིན་པས། == ནགས་ཚལ་ཁག་ཆེ་ཧིང་། == འབྲུག་རྒྱལ་ཁབ་ནང་ [./Https://en.wikipedia.org/wiki/Department_of_Forests_and_Park_Services_of_Bhutan ནགས་ཚལ་ཚུ་ མེད་ཐབས་མེད་པའི་ རང་བཞིན་གྱི་ཐོན་སྐྱེད་ཅིག་ཨིན།] འདི་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་མཐའ་འཁོར་ དེ་ལས་ ལམ་སྲོལ་ཚུ་ལུ་ རྒྱབ་སྐྱོར་འབདཝ་ཨིན། གྲོང་གསེབ་ཀྱི་མི་སྡེ་མང་ཤོས་ཅིག་གིས་ ཉིན་བསྟར་གྱི་དགོས་མཁོ་ཚུ་ ནགས་ཚལ་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན། མི་ཆ་ཁྱབ་ཀྱིས་ བཞེས་སྒོ་བཟོ་ནི་དང་ མེ་འཕུ་ནི་གི་ཐབ་ཤིང་ དེ་མ་ཚད་ ཁྱིམ་རྐྱབ་ནིའི་དོན་ལུ་ཤིང་ཆ་ ལག་བཟོའི་དོན་ལུ་སྦ་ དེ་ལས་ བཟའ་འཐུང་དང་ འོང་འབབ་ཀྱི་དོན་ལུ་ ནགས་ཚལ་ནང་གི་ ཚོད་བསྲེ་དང་ཤ་མུ་ དེ་ལས་ སྨན་རིགས་ཚུ་ བསྡུ་དོ་ཡོདཔ་ཨིན། ནགས་ཚལ་གྱིས་ ཆུ་གི་གཡུར་བ་ཚུ་ཡང་ ཉམས་སྲུང་འབདཝ་ལས་ འཐུང་ཆུ་གཙང་ཏོག་ཏོ་དང་ གློག་མེ་བཟོ་སྐྲུན་གྱི་དོན་ལུ་ ཆུ་བཀྲམ་སྤེལ་འབད་ཚུགསཔ་ཨིན། འབྲུག་ལུ་ རྒྱལ་ཡོངས་འོང་འབབ་ཀྱི་ཐོན་ཁུངས་ངོ་མ་ཅིག་ ཆུར་བརྟེན་གློག་མེ་དེ་ཨིནམ་དང་ ནགས་ཚལ་སྲུང་སྐྱོབ་ཀྱི་ཐོག་ལས་ གཙང་ཆུ་ཚུ་ རྒྱུན་སྐྱོང་འཐབ་ནི་ལུ་ ལྷན་ཐབས་འབདཝ་ལས་ གློག་མེ་འདི་བཟོ་ཚུགསཔ་ཨིན། དེ་མ་ཚད་ ནགས་ཚལ་ཚུ་གིས་  ས་རུད་དང་ཆུ་རུད་ཚུ་ བཀག་འཛིན་འབད་ནི་ལུ་ གནམ་མེད་ས་མེད་ ཕན་ཐོགས་སྦོམ་ཡོདཔ་ཨིན། == ནགས་ཚལ་གྱི་ལག་ལེན། == འབྲུག་ལུ་ ནགས་ཚལ་ཚུ་ ལག་ལེན་འཐབ་ཐངས་མ་འདྲཝ་ལེ་ཤ་ཡོདཔ་ཨིན། ལག་ལེན་འཐབ་མི་གཙོ་བོ་གཅིགཔོ་འདི་ ཁྱིམ་དང་སློབ་གྲྭ་ ཟམ་ དེ་ལས་ མི་མང་གི་སྒྲིང་ཁྱིམ་ཚུ་རྐྱབ་ནིའི་དོན་ལུ་ ཤིང་བསྡུ་ལེན་འབད་ནི་འདི་ཨིན་མས། ཤིང་ཆ་ཚུ་ ནགས་ཚལ་གྱི་ཐོན་སྐྱེད་ཚུ་ ཚད་ལས་འགལ་ ལོག་སྤྱོད་མ་འབད་བར་བཞག་ཐབས་ལུ་ གཞུང་གི་ཁྲིམས་ལུགས་དམ་དམ་དང་འཁྲིལ་ བསྡུ་ལེན་འབདཝ་ཨིན། གཞན་ཡང་ ཁག་ཆེ་བའི་ལག་ལེན་འདི་ དམིགས་བསལ་གྱིས་ གྲོང་གསེབ་ཚུ་ནང་ ཁྱིམ་གུང་པ་མང་ཤོས་ཅིག་གིས་ གནམ་བྱཱར་དགུན་མེད་པར་ བཞེས་སྒོ་འབད་ནི་དང་ མེ་འཕུ་ནི་གི་དོན་ལུ་ ཐབ་ཤིང་ལུ་བརྟེན་ཏེ་ སྡོད་དོ་ཡོདཔ་ལས་ ཐབ་ཤིང་སྦེ་ལག་ལེན་འཐབ་ཨིན། དེ་ལས་ གངས་རི་མཐོ་དྲགས་ཚུ་ནང་མཐོང་མིའིསྨན་གྱི་རིགས་དང་ རིན་ཐང་ཅན་གྱི་ཤ་མུ་ དབྱར་རྩྭ་དགུན་་འབུཔ་ཟེར་མི་འདི་གིས་ མི་སྡེ་མང་ཤོས་ཅིག་གི་དོན་ལུ་ འོང་འབབ་ཀྱི་ ཐོན་ཁུངས་ངོ་མ་ཅིག་ཨིན། དེ་མ་ཚད་ ནགས་ཚལ་ནང་ལས་ ཐོན་སྐྱེད་གཞན་ སྦྲང་རྩི་ སྤག་ཤིང་ སྤ་ཚར་ དེ་ལས་ ཤིང་འབྲས་ཚུ་ཡང་ འཐོབ་དོ་ཡོདཔ་ལས་ ཐོན་སྐྱེད་འདི་ཚུ་གིས་ མི་ཆ་ཁྱབ་ཀྱི་འོང་འབབ་ལུ་ ཕན་ཐོགས་ཡོདཔ་མ་ཚད་ ས་གནས་ཀྱི་ཚོང་འབྲེལ་ལུ་ཡང་ ཕན་ཐོགས་འབྱུངམ་ཨིན། ནགས་ཚལ་གྱིས་ ཆུ་གི་རྐ་ཚུ་ ཉམས་སྲུང་འབདཝ་མ་ཚད་ ས་བཅུད་ཅན་སྦེ་ བདག་འཛིན་འཐབ་སྟེ་ སོ་ནམ་ལུ་ཡང་ རྒྱབ་སྐྱོར་འབདཝ་ཨིན། དེ་མ་ཚད་ འབྲུག་གི་ནགས་ཚལ་ཚུ་གིས་ རྐང་འགྲོས་དང་བྱ་བལྟ་ནི། རི་དྭགས་སེམས་ཅན་ དེ་ལས་ རང་བཞིན་གནས་སྟངས་ལུ་བརྟེན་པའི་ ཉམས་མྱོང་ཅན་དང་ སྤྲོ་བ་ཡོད་མི་ལྟ་བཤལཔ་ཚུ་ འོང་བཅུག་དོ་ཡོདཔ་ལས་ ལཱ་གཡོག་གི་གོ་སྐབས་བཟོ་སྟེ་ སྐྱེ་ལྡན་ལྟ་བཤལ་ཡར་དྲག་གཏང་དོ་ཡོདཔ་ཨིན་པས། == ནགས་ཚལ་གྱིས་སྐྱེ་ལྡན་རིགས་སྣ་དང་རི་དྭགས་ཉམས་སྲུང་། == འབྲུག་གི་ནགས་ཚལ་ཚུ་ནང་ ཤིང་སྣ་དང་སེམས་ཅན་མ་འདྲཝ་ཚུ་ ཕུན་སུམ་ཚོགས་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་ལུ་བརྟེན་ འཛམ་གླིང་ནང་ལུ་ ངོས་འཛིན་བྱུང་ཡོདཔ་མ་ཚད་ འབྲུག་གི་ནགས་ཚལ་ཚུ་ནང་ སྟག་དང་གངས་གཟིག། ཨ་ཅོ་གདོང་དཀར་དམརཔོ། འབྲོང་གྱིམ་ཙི། ཁྲུང་ཁྲུང་སྐེ་ནག། དེ་ལས་ སྤྱ་དཀར་གསེར་མདོག་ཅན་ལ་སོགས་པ་ དཀོན་དྲགས་ཅན་དང་ རབས་ཆད་ཉེན་ཡོད་པའི་སེམས་ཅན་གྱི་རིགས་སྣ་ལེ་ཤ་ཅིག་ར་ སྡོད་དོ་ཡོདཔ་ཨིན། རི་དྭགས་སེམས་ཅན་ཚུ་ ཉམས་སྲུང་འབད་ནི་གི་དོན་ལུ་ གཞུང་གིས་ རྒྱལ་ཡོངས་གླིང་ག་དང་ སྐྱེ་ལྡན་བར་ལམ་ཚུ་ གཞི་བཙུགས་འབད་དེ་ཡོདཔ་དང་ སྐྱེ་ལྡན་བར་ལམ་ཚུ་གིས་ ཉམས་སྲུང་འབད་ཡོད་པའི་ས་ཁོངས་ཚུ་མཐུད་དེ་ སེམས་ཅན་ཚུ་ ནགས་ཚལ་གྱི་བར་ན་ ཉེན་སྲུང་དང་ལྡནམ་སྦེ་འགྱོ་བཅུགཔ་ཨིན། ནགས་ཚལ་གྱི་སྐྱེ་ལྡན་རིམ་ལུགས་ཉམས་སྲུང་འབད་མི་འདི་གིས་ སྐྱེ་ལྡན་གནས་སྟངས་འདྲ་མཉམ་བཞག་ཚུགས་ནི་དང་ མ་འོངས་པའི་མི་རབས་ཚུ་གི་དོན་ལུ་ ཉེན་ཁ་ཅན་གྱི་རིགས་སྣ་ཚུ་ ཉམས་སྲུང་འབད་ཚུགསཔ་ཨིན་མས། == ནགས་ཚལ་འཛིན་སྐྱོང་འཐབ་ཐངས། == འབྲུག་གཞུང་གིས་ ནགས་ཚལ་ཚུ་ཡུན་བརྟན་སྦེ་ འཛིན་སྐྱོང་འཐབ་ཐབས་ལུ་ སྲིད་བྱུས་དང་ ཁྲིམས་ལུགས་ལེ་ཤ་ཅིག་ར་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས། ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ ནགས་ཚལ་ཐོན་སྐྱེད་ཚུ་ འཛིན་སྐྱོང་འཐབ་སྟེ་ ལག་ལེན་འཐབ་ཐངས་ཚུ་ ལྟ་རྟོག་འབདཝ་ཨིན་མས། ནགས་ཚལ་ཚུ་ མི་སྡེ་ནགས་ཚལ་ལས་རིམ་དང་ སྲུང་སྐྱོབ་ས་ཁོངས་ དེ་ལས་ ཤིང་བཏོག་ནི་དང་ ས་ཆ་ལག་ལེན་འཐབ་ནིའི་སྐོར་ལས་ ཁྲིམས་ལུགས་དམ་དམ་གྱི་ཐོག་ལས་ ཉམས་སྲུང་འབདཝ་ཨིན་པས། མི་སྡེ་ནགས་ཚལ་དེ་ འབྲུག་གི་ཉམས་སྲུང་ལས་རིམ་ཚུ་གི་གྲས་ལས་ མཐར་འཁྱོལ་ཅན་ཅིག་ལུ་གྱུར་ཏེ་ཡོདཔ་ལས་ ལམ་ལུགས་འདི་གི་འོག་ལུ་ ས་གནས་ཀྱི་མི་སྡེ་ཚུ་གིས་ ཉེ་འདབས་ཀྱི་ནགས་ཚལ་ཚུ་འཛིན་སྐྱོང་འཐབ་སྟེ་ ནགས་ཚལ་གྱི་ཐོན་སྐྱེད་ཚུ་ འགན་ཁུར་ཅན་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན། མི་སྡེའི་འཐུས་མི་ཚུ་གིས་ ཁེ་ཕན་ཚུ་ དྲང་བདེན་སྦེ་ བགོ་བཤའ་རྐྱབ་པའི་སྐབས་ ནགས་ཚལ་ཚུ་ ཁྲིམས་འགལ་གྱི་ལཱ་དང་ ནགས་ཚལ་མེ་རྐྱེན། དེ་ལས་ ཐོན་སྐྱེད་མང་སུ་སྦེ་ བསྡུ་ལེན་འབད་མི་ཚུ་ལས་ ཉེན་སྲུང་འབད་ནི་ལུ་ མཉམ་རུབ་ཀྱི་ཐོག་ལས་ ལཱ་འབདཝ་ཨིན་པས། འབྲུག་རྒྱལ་ཁབ་ཀྱིས་ཡང་ དཔལ་འབྱོར་གོང་འཕེལ་དང་གཅིག་ཁར་ མཐའ་འཁོར་ཉམས་སྲུང་འབད་ནི་ལུ་ གཙོ་བོར་བཏོན་མི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ལུ་ཡང་ གཞི་བཞགཔ་ཨིན་པས། ཐབས་ལམ་དེ་གིས་ རྒྱལ་ཁབ་ནང་ ནགས་ཚལ་གྱི་ཁྱབ་ཚད་ བདག་འཛིན་འཐབ་ཚུགས་པའི་ཁར་ མི་སེར་ཚུ་གི་རྒྱུད་ལུ་ བདེ་སྐྱིད་ཡར་དྲག་གཏང་ནི་ལུ་ ལྷན་ཐབས་བྱུང་སྟེ་ཡོདཔ་ཨིན། == ནགས་ཚལ་གྱི་གདོང་ལེན། == མ་གཞི་ འབྲུག་གི་ནགས་ཚལ་ཚུ་ ལེགས་ཤོམ་སྦེ་ ཉམས་སྲུང་འབད་དེ་ཡོད་རུང་ གདོང་ལེན་ལེ་ཤ་ཅིག་ར་ བྱུང་དོ་ཡོདཔ་ཨིན་པས། གནམ་གཤིས་འགྱུར་བ་ལུ་བརྟེན་ ནགས་ཚལ་མེ་རྐྱེན་དང་ས་རུད་ དེ་ལས་ གནམ་གཤིས་དཔེ་རིས་ཀྱིས་ ནགས་ཚལ་གྱི་སྐྱེ་ལྡན་རིམ་ལུགས་ལུ་ གནོད་སྐྱོན་རྐྱབ་སྟེ་ སྐྱེ་ལྡན་རིགས་སྣ་མར་ཕབ་འབད་དོ་ཨིན་པས། དེ་ལས་ འཁོར་ལམ་དང་ གློག་མེ་ལས་འགུལ།  ཁྲོམ་རྒྱ་སྐྱེད། གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་མི་ཚུ་གིས་ འཆར་གཞི་ལེགས་ཤོམ་སྦེ་མ་བརྩམས་པ་ཅིན་ ནགས་ཚལ་གྱི་ གནས་སྟངས་ཚུ་ལུ་ ཐོ་ཕོག་ནི་གི་ཉེན་ཁ་ཡོདཔ་ཨིན། དེ་མ་ཚད་ ཁྲིམས་འགལ་ཐོག་ལས་ ཤ་བདའ་མི་དང་ ནགས་ཚལ་གྱི་ཐོན་སྐྱེད་ལ་ལུ་ཅིག་ མང་དྲགས་སྦེ་ བསྡུ་ལེན་འབད་མི་འདི་གིས་ རི་དྭགས་དང་རང་བཞིན་ཐོན་སྐྱེད་ཚུ་ལུ་ ཉེན་ཁ་འབྱུང་སྲིད་ནི་ཨིན་མས། དེ་འབདཝ་ལས་ རི་དྭགས་སེམས་ཅན་ཚུ་གིས་ འཕྲལ་འཕྲལ་སྐབས་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ལས་ ནགས་ཚལ་གྱི་ཉེ་འདབས་ལུ་སྡོད་མི་ སོ་ནམ་པ་ཚུ་ལུ་ གྱོང་རྒུད་ཕོག་དོ་ཡོདཔ་ཨིནམ་ལས་ དཀའ་ངལ་འདི་ཚུ་ མར་ཕབ་འབད་ནི་གི་དོན་ལུ་ ནགས་ཚལ་ཡུན་བརྟན་འཛིན་སྐྱོང་དང་ ས་ཆ་ལག་ལེན་འཐབ་ནི་གི་འཆར་གཞི་ཚུ་ ལེགས་ཤོམ་སྦེ་ བརྩམ་དགོཔ་འདི་ གལ་ཆེ་ཤོས་ཅིག་ཨིན་པས། == ནགས་ཚལ་ཡུན་བརྟན་འཛིན་སྐྱོང་འཐབ་ཐངས། == ནགས་ཚལ་ཡུན་བརྟན་ལག་ལེན་འཐབ་ནི་ཟེར་མི་འདི་ ནགས་ཚལ་གྱི་ཐོན་སྐྱེད་ཚུ་ མ་འོངས་པའི་མི་རབས་ཚུ་གི་དོན་ལུ་ མར་ཕབ་མ་འབད་བར་ ད་རེས་ཀྱི་དགོས་མཁོ་ཚུ་ འགྲུབ་ཐབས་ལུ་ ལག་ལེན་འཐབ་ནི་འདི་ཨིན། འབྲུག་གིས་ ཤིང་ཆ་འཐུ་ནི་ཚུ་ ཚད་འཛིན་འབད་དེ་ ཤིང་བཙུགས་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་སྟེ་ ཆུ་གི་གཡུར་བ་ཚུ་ ཉམས་སྲུང་འབད་དེ་ ནགས་ཚལ་འཛིན་སྐྱོང་ནང་ ས་གནས་ཀྱི་མི་སྡེ་ཚུ་གྲལ་གཏོགས་འབད་དེ་ ཡུན་བརྟན་གྱི་ ནགས་ཚལ་ཡར་དྲག་གཏང་དོ་ཡོདཔ་ཨིན། དེ་འབད་ནི་འདིགིས་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ ལོ་ཨ་རྟག་ར་ སྤྱི་ཟླ་ ༦ པའི་ སྤྱི་ཚེས་ ༢ ལུ་ ནགས་ཚལ་གྱི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན། འདི་ནང་ སློབ་གྲྭ་དང་ གཞུང་གི་ལས་སྡེ། དེ་ལས་ གཞུང་མིན་ལས་ཚོགས་ཚུ་གིས་ ནགས་ཚལ་ཉམས་སྲུང་འབད་དགོཔ་ཁག་ཆེ་བའི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ཡང་ འབད་དོ་ཡོདཔ་ཨིན། དེ་ལས་ སྐྱེ་ལྡན་ལྟ་བཤལ་གྱིས་ འོང་འབབ་བཟོཝ་མ་ཚད་ རང་བཞིན་གནས་སྟངས་ཉམས་སྲུང་འབད་ནི་ལུ་ སེམས་ཤུགས་བྱིནམ་ཨིན་པས། འབྲུག་རྒྱལ་ཁབ་ཀྱིས་ མཐའ་འཁོར་གནས་སྟངས་ཀྱི་ ཁས་བླངས་ལུ་བརྟེན་ རྒྱལ་སྤྱི་ལས་ངོས་ལེན་ཡང་ ཐོབ་སྟེ་ཡོདཔ་དང། ལྷག་པར་དུ་འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ བཙོག་རླུང་མེད་པའི་རྒྱལ་ཁབ་ཅིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན། == མཇུག༌བསྡུ། == ནགས་ཚལ་འདི་ འབྲུག་པའི་རང་བཞིན་གྱི་རྒྱུ་དངོས་སྦོམ་ཤོས་ཅིག་ཨིནམ་ལས་ དེ་ཚུ་གིས་ མི་ཚུ་གི་ ཉིན་བསྟར་གྱི་ མི་ཚེ་ནང་ ཁག་ཆེ་བའི་ཐོན་སྐྱེད་ཚུ་ བྱིན་དོ་ཡོདཔ་དང་ དཔལ་འབྱོར་གོང་འཕེལ་ལུ་ རྒྱབ་སྐྱོར་འབདཝ་མ་ཚད་ སྐྱེ་ལྡན་རིགས་སྣ་ཚུ་ ཉམས་སྲུང་འབད་དེ་ ཆུ་གཙང་ཏོག་ཏོ་ བདག་འཛིན་འཐབ་སྟེ་ གནམ་གཤིས་འགྱུར་གྲོས་ཀྱི་ གནོད་སྐྱོན་ཚུ་ མར་ཕབ་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། གཞུང་གི་སྲིད་བྱུས་སྒྲིང་སྒྲི་དང་ མི་སྡེ་གིས་གྲལ་གཏོགས་འབད་ནི། དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ཚུ་ལུ་བརྟེན་ འབྲུག་རྒྱལ་ཁབ་འདི་ ནགས་ཚལ་ཡུན་བརྟན་འཛིན་སྐྱོང་གི་ འཛམ་གླིང་ནང་གི་ དཔེ་སྟོན་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན། མ་གཞི་ གནམ་གཤིས་འགྱུར་བ་དང་ གོང་འཕེལ་གྱི་གནོན་ཤུགས་ དེ་ལས་ མི་དང་རི་དྭགས་སེམས་ཅན་གྱི་བར་ནའི་ སྟབས་མ་བདེཝ་བཟུམ་གྱི་ གདོང་ལེན་ཚུ་ འཕྲོ་མཐུད་དེ་ར་བྱུང་སྟེ་ཡོད་རུང་ འབྲུག་རྒྱལ་ཁབ་ཀྱིས་ ནགས་ཚལ་ཚུ་ མ་འོངས་པའི་མི་རབས་ཚུ་གི་དོན་ལུ་ ཉམས་སྲུང་འབད་ནི་ལུ་ ཁས་བླངས་འབད་དེ་ར་ཡོདཔ་ཨིན། ནགས་ཚལ་ཡུན་བརྟན་སྦེ་ལག་ལེན་འཐབ་ནིའི་དོན་ལུ་ གཞུང་དང་ས་གནས་ཀྱི་མི་སྡེ། སློབ་གྲྭ། དེ་ལས་ མི་སེར་ཚུ་གི་བར་ན་ མཉམ་འབྲེལ་འབད་དགོཔ་འདི་ཁག་ཆེ་ཤོས་ཅིག་ཨིན།  འབྲུག་རྒྱལ་ཁབ་ཀྱིས་ འཕྲོ་མཐུད་དེ་ར་ ནགས་ཚལ་ཚུ་ལུ་ བརྩི་མཐོང་དང་ ཉམས་སྲུང་འབད་དེ་ ལཱ་ཚུ་འབད་ཚུགས་པ་ཅིན་ མཐའ་འཁོར་འཕྲོད་བསྟེན་དང་ དཔལ་འབྱོར་ཡར་རྒྱས། དེ་ལས་ མི་སེར་ཚུ་གི་ བདེ་སྐྱིད་ཚུ་ཡུན་རིང་གི་དོན་ལུ་ ངེས་བརྟན་བཟོ་ཚུགས་ནི་ཨིན་མས། ནགས་ཚལ་ཉམས་སྲུང་འབད་ནི་འདི་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་རྐྱངམ་གཅིག་ ཁག་ཆེཝ་མེན་པར་ འཛམ་གླིང་མཐའ་འཁོར་ཡུན་བརྟན་ལུ་ཡང་ ལྷན་ཐབས་འབདཝ་ལས་ རྒྱལ་ཁབ་ཀྱི་ ནགས་ཚལ་འདི་ འཛམ་གླིང་ཡོངས་ལུ་ རིན་ཐང་ཅན་གྱི་ཐོན་ཁུངས་ཅིག་སྦེ་གྱུར་ཏེ་ཡོདཔ་ཨིན། [[Category:Forest]] [[Category:ནགས་ཚལ་ལག་ལེན་འཐབ་ཐངས་ཀྱི་སྐོར།]] [[Category:ནགས་ཚལ།]] [[Category:Bhutan]] [[Category:འབྲུག།]] qt7erwm9lb0mzhh9rd9yc7edj25eyhe Category:འབྲུག། 14 9214 40244 2026-11-13T05:44:49Z Kheng Singye Dorji (KSD) 9274 Created page with "་" 40244 wikitext text/x-wiki ་ rhrn4zso9wd790qtx53iu5g2x8xtszl