Wikipedia bowiki https://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D MediaWiki 1.47.0-wmf.13 first-letter མི་ཌི་ཡ་། དམིགས་བསལ། བགྲོ་གླེང་། སྤྱོད་མཁན། སྤྱོད་མཁན་གྱི་ བགྲོ་གླེང་། Wikipedia Wikipedia བགྲོ་གླེང་། ཡིག་ཆ། ཡིག་ཆའི་ བགྲོ་གླེང་། མི་ཌི་ཡ་ཝི་ཀི། མི་ཌི་ཡ་ཝི་ཀིའི་ བགྲོ་གླེང་། དཔེ་པང་། དཔེ་པང་གི་ བགྲོ་གླེང་། རམ་འདེགས། རམ་འདེགས་ཀྱི་ བགྲོ་གླེང་། རིགས་དབྱེ། རིགས་དབྱེའི་ བགྲོ་གླེང་། TimedText TimedText talk Module Module talk Event Event talk ཡོན་ཏན་གཞིར་གྱུར་མ་ 0 21647 162519 152757 2026-07-31T06:13:19Z ~2026-42400-27 36271 162519 wikitext text/x-wiki '''ཡོན་ཏན་གཞི་གྱུར་མ་བཞུགས་སོ། །''' ༄༅། །ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། ། ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ི ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། ། གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། ། ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། ། ཤིན་ཏུ་རྙེད་དཀའ་དོན་ཆེན་ཤེས་གྱུར་ནས། ། ཉིན་ཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། ། རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། ། ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། ། མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང༌། ། ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན། ། དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། ། ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས། ། ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང༌། ། དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། ། རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས། ། སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། ། ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི། ། ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ། ། དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས། ། རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། ། དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས། ། བསྟན་པའི་རྩ་བ་སོ་སོ་ཐར་པ་ལ། ། སྒྲུབ་པ་སྙིང་པོར་བྱེད་པར་བྱིན་གྱིས་རློབས། ། རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། ། མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། ། མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི། ། བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། ། སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། ། གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། ། ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། ། བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས། ། ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང༌། ། ཡང་དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡི། ། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ། ། མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། ། ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། ། ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག ། སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། ། བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། ། དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། ། རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། ། བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། ། སྲོག་དང་བསྡོས་ཏེ་བསྲུང་བར་བྱིན་གྱིས་རློབས། ། དེ་ནས་རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཀྱི། ། གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས། ། ཐུན་བཞིའི་རྣལ་འབྱོར་མཆོག་ལས་མི་གཡེལ་བར། ། དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས། ། དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང༌། ། ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང༌། ། ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། ། ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།། །། [[འཇམ་མགོན་བླ་མ་ཙོང་ཁ་པའི་རྣམ་ཐར་བསྡུས་པ་|རྗེ་ཙོང་ཁ་པ་བློ་བཟང་གྲགས་པ]]ས་མཛད། 2b2a4q6ko1km1fuqv1ggaincn3wedk9